[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་གར་སྟེགས་ཆུང་ངུར་བརྟེན་ནས་དབུལ་སྒྲོལ་གྱི་ཕུགས་འདུན་མངོན་པར་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    471568_yis_1515733530965.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་རིག་རྩལ་རུ་ཁག་གིས་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་བཞིན་པ།

     ཧ་ཅང་མཛེས་པའི་གློག་འོད་ཀྱིས་བརྒྱན་པའི་གར་སྟེགས་མེད་ནའང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུང་ཚང་ཤང་གི་དབུལ་སྒྲོལ་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་རྔ་སྒྲའི་དབྱངས་དང་བསྟུན་དགའ་སྤྲོའི་ངང་ཞབས་བྲོ་འཁྲབས་པས་གར་སྟེགས་འོག་ནས་ཐལ་མོའི་རྡེབ་སྒྲ་རྒྱུན་མི་ཆད་པར་གྲགས།

    ཚེས་10ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཕྱོགས་སྡོམ་དང་དབུལ་སྒྲོལ་ཕན་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ཚོགས་འདུ་བྲག་ཡིབ་ཆུས་སྲིད་གཞུང་དུ་འཚོགས་པ་དང་། དབུལ་སྒྲོལ་མང་ཚོགས་དང་ལས་བྱེད་པས་གཏམ་བརྗོད་ཟློས་གར་ཐུང་ངུ་དང་། གླུ་གཞས། སྨྱུག་རོལ་མགྱོགས་གཏམ། ཞབས་བྲོ་སོགས་འཁྲབ་སྟེ་ནང་སེམས་ཀྱི་དགའ་སྣང་དང་ཏང་དང་སྲིད་གཞུང་ལ་བཅངས་པའི་བརྩེ་བ་མཚོན་པར་བྱས་ཡོད།

    གཏམ་བརྗོད་ཟློས་གར་ཐུང་ངུ《བཀྲ་ཤིས་ཀྱི་འགྱུར་ལྡོག》ཅེས་པའི་ནང་། བུ་ཆུ་ཤང་གི་མང་ཚོགས་པད་མས་གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་བཀྲ་ཤིས་ཞེས་པས་དབུལ་སྒྲོལ་ལས་བྱེད་པའི་སློབ་གསོ་ཁྲིད་སྟོན་ལ་བརྟེན་ནས། སྔར་རྟག་ཏུ་ཆང་རག་བཏུངས་ཏེ་ར་བཟི་ནས་སྡོད་པ་ནས་རང་འགུལ་ངང་ངལ་རྩོལ་གྱིས་ཕྱུག་འགྱུར་ལས་ལ་གཞོལ་བའི་སྐོར་འཁྲབ་ཡོད། པད་མས“‘སྒུག་རྟེན་སློང་གསུམ’གྱི་བསམ་བློ་འཆང་ན་ངོ་ཚ་ཡིན་པ་དང་། ངལ་རྩོལ་བྱས་ནས་ཕྱུག་པོར་འགྱུར་ན་གཟི་བརྗིད་ཆེ་ཤོས་ཡིན”ཞེས་འཁྲབ་སྟོན་མཇུག་འགྲིལ་རྗེས་སྤོབས་པ་ཆེན་པོས་དེ་ལྟར་བཤད་པར་གར་སྟེགས་འོག་ཏུ་ཐལ་མོའི་རྡེབ་སྒྲ་གྲགས།

    ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་ཀྱིས་ཐོན་ལས་རོགས་སྐྱོར་དང་སྲིད་ཇུས་འགན་ལེན་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོ་1556དབུལ་ཕོངས་ལས་བསྒྲལ་བ་དང་། 2017ལོར་བྲག་ཡིབ་ཆུས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཞྭ་འབུད་པའི་ལྟ་སྐུལ་ཚོགས་ཆུང་དང་ཚོད་སྐོར་ཚོགས་ཆུང་གི་ཚོད་སྐོར་དཔྱད་ཞིབ་བདེ་བླག་བྱུང་སྟེ་ཕྱོགས་ཡོངས་ནས་དབུལ་ཞྭ་ཕུད་པའི་བོད་ཀྱི་རྫོང(ཆུས)དང་པོའི་གྲས་སུ་གྱུར་པ་རེད། “དེ་སྔོན་ལོ་ཏོག་གཅིག་པུར་བརྟེན་ནས་ཁྱིམ་གྱི་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ལག་ཤེས་མེད་པའི་ཁར་མ་དངུལ་ཡང་མེད་པས་འཚོ་བ་ཧ་ཅང་དཀའ་ངལ་ཆེན་པོ་ཡིན”ཞེས་འཁྲབ་སྟོན་ལ་ལྟ་བར་ཡོང་བའི་བཀྲ་ཤིས་སྒང་གྲོང་ཚོའི་མང་ཚོགས་ཚེ་དབྱངས་ཀྱིས་དེ་ལྟར་བཤད་ཅིང་། ཁོང་གིས་འཚོ་བར་འགྱུར་ལྡོག་ཅི་བྱུང་འཁྲབས་པ་ལས་ང་ཚོར་ཡང་མྱོང་ཚོར་གཅིག་མཐུན་བྱུང་། “ལས་བྱེད་པའི་རོགས་རམ་འོག ངས་ཕག་གསོ་ར་བ་དང་ཁྱིམ་ཚང་མགྲོན་ཁང་གཉེར་ནས་གྲོང་ཚོའི་དུད་ཚང་14དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་པ་ཡིན། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན”ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་ཡིབ་ཆུས་ཀྱིས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་མཐོར་གཏོང་གི་འཆར་གཞི་ཁག་བཟོས་ནས་ལག་ལེན་དུ་བསྟར་བ་དེས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཤུགས་ཆེན་གྱི་ནུས་པ་སྔར་བས་འདོན་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་དབུལ་སྒྲོལ་འགག་སྒྲོལ་ནང་གཏོང་རྒྱུར་སྐུལ་ཁྲིད་བྱེད་པ། དབུལ་སྐྱོར་རྣམ་གྲངས་ལ་རྗེས་འདེད་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རིག་སྐྱོར་དང་བློ་སྐྱོར་ཟུང་དུ་འབྲེལ་བ། མང་ཚོགས་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་འདོན་པ་བཅས་བྱུང་ནས་དབུལ་སྐྱོར་གྱི་ཕན་འབྲས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།