[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ནུས་རྒྱུ་གསར་པའི་མ་ལག་འཛུགས་སྐྱོང་གིས་། ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས།

    གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་ཆེན་པོ་བདུན་གོང་འཕེལ་བཏང་བའི་གྲས་ཀྱི་ནུས་རྒྱུ་གཙང་མའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲང་ཝུའུ་ཡིས།    |    སྤེལ་དུས།   2018-01-10

    2016ལོར་གཞིས་རྩེ་གྲོང་ཁྱེར་གྱིས“ཇོ་མོ་གླང་མའི་ཐོན་ལས་ཆེན་པོ་བདུན”གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་ལ་འཁེལ་ནས་ནུས་རྒྱུ་གཙང་མའི་ལས་རིགས་ཉིད་གྲོང་ཁྱེར་དེའི་ཐོན་ལས་གཙོ་བོ་འཕེལ་རྒྱས་གཏོང་བའི་གྲས་ཤིག་ཏུ་གྱུར་པ་རེད།

    ལོ་གཅིག་གི་རིང་། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་པ་དང་། “ནུས་རྒྱུ་གཙང་མའི་དཔེ་སྟོན་གྲོང་ཁྱེར”བསྐྲུན་རྒྱུ་དེ་དམ་འཛིན་བྱེད་ས་དང་གཞི་རྟེན་དུ་བྱས་ནས་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་དང་ནུས་ཆེ་བེད་སྤྱོད་ཐུབ་པར་སྐུལ་མ་ཤུགས་ཆེན་བཏང་ཁར་སྣོད་བཅུད་ལེགས་པའི་ཇོ་མོ་གླང་མའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་གྱིས་ལྗང་མདོག་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་པ་རེད།

    ལེགས་ཆ་མངོན་གསལ་དོད་པས་མདུན་ལམ་ཧ་ཅང་ལེགས།

    གསོ་རླུང་དཀོན་པ་དང་། འོད་འཕྲོ་ཤུགས་ཆེ་བ། ཉི་མ་འཆར་ཡུན་རིང་བ་བཅས་ཀྱི་དབང་གིས་གཞིས་རྩེ་གྲོང་ཁྱེར་ནི་ཉི་ནུས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཆ་ཞིག་ཡིན་པ་བསྙོན་མེད་རེད།

    《ཉི་ནུས་ཐོན་ཁུངས་དཔྱད་དཔོག་བྱེད་ཐབས》ཀྱི་གཞི་གྲངས་ལས་མངོན་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་ཉི་འོད་ནུས་པའི་སྤྱིའི་ཁྱབ་འགྱེད་སྨི་ངོས་གྲུ་རེར་ཀྲའོ་ཅའོ་5100ནས་སྨི་ངོས་གྲུ་རེར་ཀྲའོ་ཅའོ་7700བར་ཡིན་པ་དང་། ས་ཁོངས་ཕལ་ཆེ་བར་ཉི་འོད་ནུས་པའི་ཐོན་ཁུངས་ཧ་ཅང་ལེགས་པའི་ཁར་ཆ་སྙོམས་ལོའི་འགྱེད་འཕྲོ་སྨི་ངོས་གྲུ་རེར་ཀྲའོ་ཅའོ་7500ལས་བརྒལ་བ་དང་། འོད་ཤུགས་གློག་ཁང་གིས་ལོ་རེར་གློག་འདོན་བེད་སྤྱོད་དུས་ཡུན་ཆུ་ཚོད་1700ལྷག་ཟིན་གྱི་ཡོད་པ་རེད།

    ཡར་ཀླུང་གཙང་པོའི་ཆུ་འགོ་ཡང་དེ་གར་གནས་པ་དང་ས་མཚམས་ལས་བརྒལ་བའི་གཙང་པོ་ཆེ་ཆུང་100ལྷག་ཟིན་གྱི་ཡོད་པས་གཞིས་རྩེ་གྲོང་ཁྱེར་གྱི་ཆུ་ནུས་ཐོན་ཁུངས་ཧ་ཅང་འབེལ་པོ་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། གྲོང་ཁྱེར་དེར་ལོར་ཆུ་བོ་རྒྱུག་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་350དང་ཆུ་བེད་ཐོན་ཁུངས་གསོག་ཚད་ཆན་ཝ་ཁྲི་1360ཟིན་པས་གསར་སྤེལ་གྱི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད་པ་རེད།

    འཆར་གཞི་སྔོན་འགོད་བྱས་པས་འགན་འཁྲི་དང་ལས་བགོས་ཁ་གསལ་བྱུང་བ།

    2016ལོར་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ནུས་རྒྱུ་གཙང་མའི་དཔེ་སྟོན་གྲོང་ཁྱེར”གཏོད་པའི་ལས་དོན་ལ་ཞིབ་འཇུག་ཐེངས་མང་བྱས་ཏེ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གིས་ཙུའུ་ཀྲང་གི་འགན་འཁུར་བ་དང་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་23བརྒྱུད་རིམ་ཧྲིལ་པོར་ཞུགས་པའི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད། གཏོད་འཛུགས་ལས་ཀའི་ཇུས་གཞི་བཟོས་པ་དང་། ལས་དོན་ཁག་གཅིག་མཐུན་སྦྱོར། ཐོལ་བྱུང་གནད་དོན་ཞིབ་འཇུག་ཐག་གཅོད་བཅས་བྱས་པར་བརྟེན་གཏོད་འཛུགས་ལས་དོན་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱུང་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། “ནུས་རྒྱུ་གཙང་མའི་དཔེ་སྟོན་གྲོང་ཁྱེར”གྱི་གཏོད་འཛུགས་ལས་དོན་ལ་གཞོགས་འདེགས་བྱས་ནས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྣམ་གྲངས་འཛུགས་སྐྲུན་དེར་དམ་འཛིན་བྱེད་པའི་ལས་ཀའི་བསམ་ཕྱོགས་གཏན་འཁེལ་བྱས་ཤིང་། ཚོང་འགུགས་མ་འདྲེན་དང་རང་གྲབས་རང་སྐྲུན་སོགས་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་རྣམ་གྲངས་གསོག་འཇོག་དང་ལག་བསྟར་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད།

    ཁྱོན་ཡོངས་ནས་སྐུལ་མ་བཏང་བས་རྣམ་གྲངས་གཙོ་བོ་དོན་འཁྱོལ་ཐུབ་པ།

    ཁྱོན་ཡོངས་ནས་བཀོད་སྒྲིག་དང་རིམ་པ་བཞིན་སྐུལ་མ་བཏང་བར་བརྟེན། གཞིས་རྩེ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ལས་རིགས་ཀྱི་རྣམ་གྲངས་གཙོ་བོ་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ་རེད།

    ད་བར་གཞིས་རྩེ་གྲོང་ཁྱེར་གྱིས་རེ་ཞུ་ཕུལ་ནས་ཐོ་འགོད་སྙན་སེང་ཞུས་པའི་འོད་ཤུགས་རྣམ་གྲངས་71ཡོད་པར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་2694ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་317.91གཏོང་རྩིས་ཡོད་པ། དེའི་ཁྲོད་ལས་མཇུག་འགྲིལ་ནས་གཉེར་སྐྱོང་བྱས་པའི་འོད་ཤུགས་རྣམ་གྲངས་8དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་140ཟིན་པ་དང་། མ་དངུལ་ཁྱོན་སྒོར་དུང་ཕྱུར་19.72གཏོང་རྩིས་ཡོད་པ་རེད། ལས་མཇུག་འགྲིལ་ཡང་གཉེར་སྐྱོང་བྱས་མེད་པ(ཚོད་གཏོང་སྙོམས་སྒྲིག་དུས་མཚམས)2ཡོད་པར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་35ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་4.54གཏོང་རྒྱུ་ཡིན་པ། བསྐྲུན་འགོ་ཚུགས་པའི་འོད་ཤུགས་རྣམ་གྲངས་11སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་ཁྱོན་480ཟིན་པ་བྱ་རྩིས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ལེགས་གྲུབ་བྱས་པའི་འོད་ཤུགས་གློག་འདོན་རྣམ་གྲངས་8ཀྱིས་ལོར་གློག་འདོན་ཚད་སྔོན་དཔག་བྱས་ན་ཆུ་ཚོད་རེར་ཆན་ཝ་ཁྲི་དུང་ཕྱུར་2.37ཟིན་རྒྱུ་ཡིན་པས་གྲོང་ཁྱེར་དེའི་གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་ལ་བོད་དབུས་གློག་དྲར་གློག་བཏང་ནས་ས་ཁུལ་གཞན་གྱི་གློག་སྤྱོད་པའི་དགོས་མཁོ་འང་སྐོང་ཐུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།