[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཕམ་ཐག་གཅོད་ཀྱི་ཉམས་འགྱུར་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།

    2017ལོའི་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    རྫོང(ཆུས)18ནས་12རང་སྐྱོང་ལྗོངས་ཀྱིས་ཤིན་ཏུ་དབུལ་བའི་རྫོང(ཆུས)ལ་གཏན་འཁེལ་བྱས་པ་དང་། 2017ལོའི་ཟླ་8པར་རེས་སྐོར་གསར་པའི་བབ་བསྟུན་ལེགས་སྒྲིག་བྱས་རྗེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་ཁྲི་12.76ཡོད་པ་དང་དབུལ་པོར་འགྱུར་ཚད་18.78%ཡིན་པས། གཞིས་རྩེ་གྲོང་ཁྱེར་ནི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་3གྱི་གྲས་ཤིག་རེད།

    ད་བར་གཞིས་རྩེ་གྲོང་ཁྱེར་གྱི་མི་40503དབུལ་གྲོལ་རགས་ཙམ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་342དབུལ་པོའི་གནས་ལས་སྒྲོལ་བའི་ཆ་རྐྱེན་ཚང་བ། པ་སྣམ་དང་། གཉའ་ལམ། ཁང་དམར། གཏིང་སྐྱེས། སྐྱིད་གྲོང་བཅས་རྫོང་5དབུལ་པོའི་ཞྭ་མོ་འབུད་པའི་ཚད་གཞིར་སླེབས་ཡོད།

    ནུས་ཤུགས་ཡོད་རྒུས“གདོང་མཆོང་དུང་བརྡ”བཏང་བ།

    འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་སྲིད་འགོ་ཁྲིད་གཙོ་བོས་འགན་གཙོ་བོ་འཁུར་བའི་འགན་འཁྲིའི་ལམ་ལུགས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པས། “རིམ་པ་བཞིན་འགན་འཁྲིའི་ཡི་གེ་འཇོག་པ་དང་། མི་ཚང་མས་དམག་བཀའ་འཁུར་ལེན་ཞུ་ཡིག་འབྲི་བ། ཚང་མས་མཉམ་དུ་འགན་འཁྲི་ལྕི་པོ་འཁུར་བ”བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། 2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ཚོགས་འདུ་ཐེངས་66འཚོགས་ནས་ཆེད་དོན་ཞིབ་འཇུག་དང་སྲིད་ཇུས་བཟོས་ཏེ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཁྱེར་དེས《གཞིས་རྩེ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད》སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འཆར་འགོད་བཟོས་པ་དང་། ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་ཁྱབ་གདལ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ་དང་ནད་གཞི་ཆེ་གྲས་སམ་ཧ་ཅང་ཚབས་ཆེ་གྲས་ཀྱི་སྨན་བཅོས་རོགས་སྐྱོབ་ལག་བསྟར་བྱ་ཐབས་བཏོན་པ་རེད།

    རྨང་གཞི་བརྟན་དུ་བཏང་བ། གྲོང་ཁྱེར་དེས་ལྗོངས་ཡོངས་ཀྱི་སྔོན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི“ལག་ཁྱེར་གཅིག་དང་། གཱ་གཉིས། དཔེ་རིས་གསུམ། ལག་དེབ་བཞི”བཅས་ཀྱི་བྱ་ཐབས་བཏོན་ཡོད། “ལག་ཁྱེར་གཅིག”ནི་སྣོད་བཅུད་ལས་ཞུགས་ལས་གནས་ཀྱི་ལས་ཀའི་ལག་ཁྱེར་ཡིན་པ་དང་། “གཱ་གཉིས”ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གནད་སྨིན་དབུལ་སྐྱོར་གྱི་གསལ་རྟོགས་གཱ་དང་ཐོན་ལས་ཀྱི་གནད་སྨིན་དབུལ་སྒྲོལ་གྱི་ཆ་འཕྲིན་ཡོངས་བསྒྲགས་གཱ་རེད། “དཔེ་རིས་གསུམ”ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་དཔེ་རིས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གནད་སྨིན་དབྱེ་འབྱེད་ཀྱི་བརྒྱུད་རིམ་དཔེ་རིས། དབུལ་སྒྲོལ་འགག་སྒྲོལ་གྱི་གནད་སྨིན་ཕྱིར་དོན་གྱི་བརྒྱུད་རིམ་དཔེ་རིས་བཅས་རེད། “ལག་དེབ་བཞི”ནི་དུད་ཚང་དབུལ་པོའི་གནད་སྨིན་དབུལ་སྐྱོར་གྱི་གསལ་རྟོགས་ལག་དེབ་དང་། ཆ་སྒྲིག་རོགས་སྐྱོར་གྱི་ལས་ཀའི་ལག་དེབ། དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་ཕན་ལག་དེབ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་ལག་དེབ་བཅས་རེད། དེ་དག་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞིའི་དོ་དམ་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད།

    འགག་སྒྲོལ་བྱས་ཏེ་ལེགས་ཆའི“སྟོབས་ཤུགས”གཅིག་ཏུ་འདུས་པ།

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཚད་བརྒལ་དང་། ཆ་རྐྱེན་ཚང་མ་བེད་སྤྱོད། བརྒྱུད་རིམ་ཧྲིལ་པོ་ལག་བསྟར་བཅས་བྱས་ཏེ། ལེགས་ཆ་གཅིག་ཏུ་འདུས་ནས་སྟོབས་ཤུགས་ཆེ་རུ་བཏང་བ་རེད།

    མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ། གྲོང་ཁྱེར་དེས་མ་དངུལ་སྒོར་དུང་ཕྱུར་33.02སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞིའི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་གཅིག་སྡུད་སྤྱད་པ་དང་། རིམ་ཁག་དངུལ་ཁང་ཁག་གིས་དབུལ་སྐྱོར་ཐོན་ལས་ཀྱི་དངུལ་བུན་ཐེངས་71བཏང་བར་བསྡོམས་དངུལ་སྒོར་དུང་ཕྱུར་9.05ཟིན་པ་དང་། གྲངས་ཉུང་དངུལ་བུན་སྒོར་དུང་ཕྱུར་4.16བཏང་བ། ཁ་གཏད་བོད་སྐྱོར་གྱི་མ་དངུལ་80%ཡན་དམངས་འཚོ་ལེགས་བཅོས་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱད་པ་མ་ཟད། བོད་སྐྱོར་གྱི་དབུལ་སྐྱོར་རྣམ་གྲངས་འབོར་ཆེན་ཞིག་ལག་ལེན་བསྟར་བ་རེད།

    ཡུལ་གཞན་དུ་གནས་སྤོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། གྲོང་ཁྱེར་དེས་བདེ་སྡོད་དང་ལས་བརྩོན་གལ་ཆེ་མཉམ་འཛིན་གྱིས། དུད་ཚང་7867དང་མི་32517གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་འགན་བསྒྲུབས་ཟིན་པ་མ་ཟད། སྒོར་དུང་ཕྱུར་43.12སྤྱད་དེ་ཡུན་རིང་གི་སྲིད་ཇུས་རང་བཞིན་གྱི་སྐྱེད་ཀ་དམའ་བའི་དངུལ་བུན་དང་ཆེད་དོན་འཛུགས་སྐྲུན་མ་དངུལ་སོགས་ལ་བཏང་བ་རེད།

    སྣོད་བཅུད་ཁ་གསབ་ལམ་ལུགས་ལག་ལེན་ནན་པོ་བསྟར་བ། 2017ལོར་གྲོང་ཁྱེར་དེས་སྣོད་བཅུད་ཁ་གསབ་ལས་གནས་ཁྲི་3.1གསར་སྣོན་བྱས་ཏེ་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.48དོན་འཁྱོལ་བྱས་ཤིང་། མི་འབོར་དབུལ་པོ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་མི་རྣམས་ནགས་སྲུང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་པ། ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་བ། རྩྭ་ཐང་ལྟ་སྐུལ་བ་སོགས་ལ་བཀོད་སྒྲིག་བྱས་པ་རེད།

    སློབ་གསོའི་དབུལ་སྐྱོར་ལག་ལེན་ཤུགས་ཆེན་བསྟར་བ། གྲོང་ཁྱེར་དེས་སྒོར་དུང་ཕྱུར་5.34བཏང་སྟེ་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཅིང་། 2017ལོ་ནས་བཟུང་ལོ་ལྟར་སྒོར་ཁྲི་1000བཏང་སྟེ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མའི“ཕུགས་འདུན་འགྲུབ་པའི་བྱ་སྤྱོད”ལག་ལེན་བསྟར་ནས་བུ་རབས་ཚ་རྒྱུད་དབུལ་པོ་མ་ཆགས་པའི་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།

    ལས་ཞུགས་གཞན་སྒྱུར་ལ་སྐུལ་མ་ཟམ་མི་ཆད་པར་བཏང་བ། གྲོང་ཁྱེར་དེས་ཆེད་དོན་གྱི་མི་འབོར་དབུལ་པོའི་གསོ་སྦྱོང་མ་དངུལ་སྒོར་ཁྲི་2071.47བཏང་སྟེ་གློག་བཟོ་མཁན་དང་། ཉི་ནུས་སྒྲིག་ཆས་ཉམས་བཟོ་མཁན། འབེབས་འཇུག་འཕྲུལ་འཁོར་གཏོང་མཁན། བརྐོ་འདྲུའི་འཕྲུལ་འཁོར་གཏོང་མཁན། ལྕགས་རྩིག་རྒྱག་མཁན་སོགས་ལ་གསོ་སྦྱོང་བྱས་པ་མ་ཟད། མི་5541ལ་རྩལ་ནུས་གསོ་སྦྱོང་ཟིན་པ་དང་མི་8841ལས་ཞུགས་གཞན་སྒྱུར་ཐུབ་ཡོད།

    སྤྱི་ཚོགས་འགན་སྲུང་གིས་མཐའ་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་པ། གྲོང་ཁྱེར་དེས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དང་དབུལ་སྐྱོར་ཚད་གཞི་གཉིས་གཅིག་སྒྲིལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས། གནད་སྨིན་དབྱེ་འབྱེད་དང་། དོ་དམ། རོགས་སྐྱོབ། ཚོད་སྐོར། ཕྱིར་དོན་བཅས་ཀྱི་སྐྱོན་བྲལ་གྱི་དབུལ་སྐྱོར་ལམ་སྲོལ་བཙུགས་ཏེ་སྨན་བཅོས་རོགས་དངུལ་སྒོར་ཁྲི་1745དོན་འཁྱོལ་བྱས་པ་དང་མི་ཐེངས་ཁྲི་1.24ལ་རོགས་པ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།