[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལ་ཕིང་ལས་བུ་མོ་སྤུན་གཉིས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-07

    “སྦྱིན་བདག་ལགས། ད་དུང་ལ་ཕིང་ཕོར་པ་གང་དགོས”“ལགས་སོ། ལམ་སེང་ཡིན” སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་ཀླུ་སྒུག་སྲང་ལམ་དྲུག་པར་གྲང་ངད་ཡལ་མེད་པ་དང་སྲང་ལམ་དུ་ལམ་འགྲུལ་པ་མང་པོ་དེ་ཙམ་མེད་རུང་། བཙུགས་ནས་ལོ་11སོང་བའི་ལ་ཕིང་ཟ་ཁང་དུ་མིས་ཁེངས་ཡོད་པ་དང་། སྦྱིན་བདག་སུམ་མཆོག་ལས་ལ་བྲེལ་བཞིན་ཡོད། “བུམ་ཆུང་ལ་ཕིང”དེ་ཉིད་ལ་ཕིང་གཞན་དག་དང་འདྲ་ཡི་མེད་དེ། སིལ་སིལ་དང་རྡོག་རྡོག་མིན་པར་འདག་འདག་ཡིན་པས་མི་ཚོས་དེར“ལ་ཕིང་འདག་འདག”ཅེས་འབོད་ཀྱི་ཡོད། ལ་ཕིང་དེར་ཐུན་མོང་མ་ཡིན་པའི་བྲོ་བ་ལྡན་པར་བརྟེན“བུམ་ཆུང་ལ་ཕིང་ཟ་ཁང”ལ་གྲོང་མི་དང་ཡུལ་སྐོར་བ་ཚོས་དགའ་པོ་བྱེད་ཀྱི་ཡོད།

    བར་སྐོར་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། གནའ་ཉམས་དོད་པའི་བོད་ཁྱིམ་རེ་རེ་ལས་ལྷ་སའི་སྔོན་བྱུང་གཏམ་རྒྱུད་བརྗོད་པ་དང་གཉིས་སུ་མ་མཆིས། ཡུལ་སྐོར་བ་ཡིན་ནའང་འདྲ་ས་སྐྱེས་རྡོ་སྐྱེས་ཀྱི་མི་སུ་ཞིག་ཡིན་རུང་བར་སྐོར་དུ་སྐྱོད་རྒྱུར་དགའ་པོ་བྱེད་པ་དེ་ནི་སྐོར་བ་རྒྱག་སྐབས་ཡུལ་ལྗོངས་མི་འདྲ་བར་ལྟ་ཆོག་པ་དང་ཟས་རིགས་མི་འདྲ་བའི་བྲོ་བ་མྱོང་ཆོག་པས་ཡིན་ཤས་ཆེ། བུམ་ཆུང་ལ་ཕིང་ཟ་ཁང་དུ་མི་མང་པོ་ཡོད་པ་མ་ཟད། མི་ཚང་མའི་མདུན་དུ་ལ་ཕིང་བཟས་ཟིན་པའི་ཕོར་པ་སྟོང་པ་མང་པོ་བཞག་འདུག

    ཟུར་ཞིག་ཏུ་ལ་ཕིང་ཟ་བཞིན་པའི་ཟླ་སྒྲོན་གྱིས“ཟ་ཁང་འདིའི་ལ་ཕིང་ལྷ་སར་སྐད་གྲགས་གང་ལ་གང་འཚམ་ཡོད་པས་རྟག་ཏུ་གང་དུ་ཡོད་མིན་སྐད་ཆ་འདྲི་མཁན་མང་པོ་འཕྲད་ཀྱི་འདུག ལོ་7ཙམ་རིང་ང་རང་རྟག་ཏུ་ཟ་ཁང་འདིར་ལ་ཕིང་ཟ་བར་ཡོང་གི་ཡོད། སྐབས་རེ་ཟ་ཐེངས་གཅིག་ལ་ཕོར་པ་གསུམ་ཟ་ཡི་ཡོད། ཞིམ་པ་ལ་ནི་ཉིན་གཅིག་ལ་ཐེངས་གཅིག་མ་བཟས་ན་སེམས་ལ་སྟོང་ལྷང་ལྷང་ཞིག་འདུག”ཅེས་བཤད།

    གཞིས་རྩེ་ནས་ཡིན་པའི་བུམ་ཆུང་ནི“བུམ་ཆུང་ལ་ཕིང”གི་སྦྱིན་བདག་ཡིན་ཞིང་། ལོ་11གི་གོང་ཁོ་མོ་ནི་མཐོང་རྒྱ་ཐོས་རྒྱ་དེ་ཙམ་མེད་པའི་བུ་མོ་ཆུང་ཆུང་ཞིག་ཡིན་པ་དང་ལྷ་སར་ལས་མི་བྱེད་ཀྱི་ཡོད། ལ་ཕིང་ཟ་ཁང་ཞིག་ཏུ་ལས་མི་བྱེད་པར་འགྲོ་སྐབས་བུམ་ཆུང་གིས་ལ་ཕིང་བཟོ་སྟངས་ཤེས་པ་རེད། ལས་མི་བྱེད་པར་འགྲོ་འདོད་མེད་པའི་བུམ་ཆུང་ལ་རང་ཉིད་ཀྱིས་ཟ་ཁང་བཙུགས་ཏེ་གཞན་དང་མི་འདྲ་བའི་ལ་ཕིང་ཞིག་བཟོ་འདོད་བྱུང་།

    2006ལོའི་ཟླ་9པར་བུམ་ཆུང་གི་ཕུགས་འདུན་འགྲུབ་སྟེ་གཅུང་མོ་སུམ་མཆོག་དང་མཉམ་དུ་ལ་ཕིང་ཟ་ཁང་བཙུགས། ཚོང་རྒྱག་སྐབས་ཁོང་གིས་མི་མང་པོ་ཞིག་ལ་ཕིང་ཚ་པོ་ཟ་རྒྱུར་དགའ་པོ་ཡོད་པ་ཤེས། དེས་ན་བུམ་ཆུང་གིས་ལ་ཕིང་ལ་འགྱུར་ལྡོག་ཕྲན་བུ་གཏོང་དགོས་སྙམ། “ཚང་མ་ལ་ཕིང་ཚ་པོ་ཟ་རྒྱུར་དགའ་པོ་འདུག ཡིན་ནའང་དང་ཐོག་ནས་ཚ་པོ་ཡིན་པའི་ལ་ཕིང་གྲང་མོ་བཟོས་ནས་འཚོང་དགོས་དོན་མི་འདུག་སྙམ་བྱུང་། དེར་བརྟེན་ངས་ལ་ཕིང་འདག་འདག་ཚ་པོ་ཞིག་བཟོས་ཏེ་བྲོ་བ་བལྟས་པས་ཐུན་མོང་མ་ཡིན་པ་ཞིག་འདུག”ཅེས་བུམ་ཆུང་གིས་དགོད་འཚེར་འཚེར་ངང་བཤད།

    ཚོད་ལྟ་ཐེངས་དང་པོ་བྱས་པར་སྐུ་མགྲོན་ཚོའི་གདེང་འཇོག་བཟང་པོ་ཐོབ་པས་བུམ་ཆུང་གི་སེམས་ལ་དགའ་ཚོར་ཆེན་པོ་བྱུང་། “ལ་ཕིང་གི་གཙོ་ཆེ་ཤོས་སྲན་རྩམ་གྱི་སྤུས་ཚད་དང་སུར་པན་གྱི་བྲོ་བར་ཐུག་ཡོད། ངའི་ཟ་ཁང་གི་ལ་ཕིང་སྐད་གྲགས་ཆོད་དགོས་དོན་ཡང་སྲན་རྩམ་གྱི་སྤུས་ཀ་ལེགས་ལ་སུར་པན་གྱི་བྲོ་བ་ཞིམ་པས་རེད”ཅེས་བུམ་ཆུང་གིས་བཤད།

    གྲོང་གསེབ་ནས་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་ཕལ་ཆེ་བ་ནི་ལས་དབང་ལ་འགྱུར་ལྡོག་གཏོང་ཆེད་རེད། བུམ་ཆུང་དང་སུམ་མཆོག་གཉིས་ཀྱིས་ཁོང་ཚོའི་འཚོ་བར་ལ་ཕིང་ཕོར་པ་གང་གིས་འགྱུར་ལྡོག་འགྲོ་ཡི་རེད་བསམ་བསམ་བྱུང་མེད། ད་ཆ་ཁོང་གཉིས་པོ་ཁྱིམ་ཚང་གི་ཀ་བ་ལྟ་བུ་ཡིན་པ་མ་ཟད་གྲོང་ཚོའི་ནང་གི་མིག་དཔེར་ཡང་གྱུར་ཡོད།

    “བྱ་དེ་གདང་ལ་འཛེག་པར་ལྟ་བ་ལས་ཞི་མི་ཐུར་ལ་བབས་པར་ལྟ་རྒྱུ་མེད་ཅེས་པ་ལྟར། ད་ལྟའི་འཚོ་བར་བློ་ཡིད་ཚིམ་ནས་བསྡད་ན་ག་ལ་འགྲིག ངས་ད་ལྟ‘བུམ་ཆུང་ལ་ཕིང’རྒྱ་སྟོབས་ཆེ་རུ་བཏང་ནས་ཡན་ལག་ཚོང་ཁང་ལྷ་སའི་ཁྲོམ་གཞུང་གང་སར་འཛུགས་འདོད་འདུག དུས་སང་ཕྲུ་གུ་ཕྲན་ཙམ་ལོངས་རྗེས་ལས་འགོ་འཛུགས་རྩིས་ཡོད”ཅེས་བུམ་ཆུང་གིས་བློ་རྩ་བརྟན་པོས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།