[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཡམ་པ་ལས་སྣོན་ལས་ལ་གཞོལ། དམངས་ཀྱི་ཕུགས་འདུན་རིམ་གྱིས་འགྲུབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    “ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད·ས་མཐོའི་གསར་འགོད་པ་ལེ་དབར་ཁྲི་ཡི་སར་བཅར་འདྲིར་སྐྱོད”ཅེས་པའི་ལྷོ་ཁའི་བཅར་འདྲི་ཚོགས་ཆུང་དང་བཅས་པ་གམ་པ་ལ་ནས་ཐོན་ཏེ་མཛེས་ཤིང་ལྟ་ན་སྡུག་པའི་ཡར་འབྲོག་གཡུ་མཚོ་དང་དྭངས་ཤིང་གཙང་བའི་གནོད་སྦྱིན་གངས་བཟང་བརྒྱུད་སྣ་དཀར་རྩེ་རྫོང་དུ་བསྐྱོད།

    སྣ་དཀར་རྩེ་རྫོང་གྲོང་ནས་ནུབ་ཕྱོགས་སུ་བསྐྱོད་ཚེ་སྟག་ལུང་གྲོང་རྡལ་དུ་འབྱོར་གྱི་ཡོད། མུ་འབྲེལ་གྱི་རི་བོ་རེ་རེ་བཞིན་མིག་ལམ་དུ་མངོན་པ་དང་མཚེའུ་སྔོན་པོ་དང་གངས་རི་དཀར་པོ་ང་ཚོ་དང་བར་ཐག་རིང་དུ་སོང་། འོན་ཀྱང་ང་ཚོའི་མིག་དབང་ཅིག་ཅར་དུ་འཕྲོག་པ་ནི་སྟག་ལུང་གྲོང་རྡལ་དུ་ཡོད་པའི་ཁྱད་ལྡན་གྱི་གླིང་གཞིའི་གཡམ་པ་རེད།

    ཉེ་འགྲམ་གྱི་བཟོ་ཁང་ནས་གློག་སྒུལ་སོག་ལེས་རྡོ་གཤོག་པའི་སྒྲ་ཐོས་ཀྱི་འདུག བཟོ་པ་ཁག་གཅིག་རྡོ་གཤོག་པ་དང་རྩིག་པ་སོགས་ཀྱི་ལས་ལ་བྲེལ་བཞིན་འདུག

    “ད་ལྟ་ང་ཚོའི་གཡམ་པ་བྲིན་ཁ་རྒྱུག་རུང་། དེ་སྔ་རི་སྟེང་གི་རྡོ་སྤྱིར་བཏང་ཞིག་རེད། སྐབས་འགར་མང་ཚོགས་རེ་གཉིས་ཀྱིས་རྡོ་གཡམ་འགའ་བསྔོགས་ནས་རྡོ་གཅལ་འདིང་བ་ལས་དེར་ཡོང་འབབ་ཡོད་པ་བསམ་པའི་ཡུལ་ལའང་འཆར་མྱོང་མེད”ཅེས་སྟག་ལུང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཞའོ་ཡུང་གིས་བཤད།

    དཔལ་འབྱོར་འཕེལ་རྒྱས་དང་དུས་རབས་ཡར་རྒྱས་ཕྱིན་པ་དང་སྦྲགས་གཡམ་པའི་ཚོང་ལས་རིན་ཐང་ལའང་ཁྲོམ་རའི་ཁས་ལེན་ཐོབ་ཡོད། གླིང་གཞི་གྲོང་ལྷན་གྱིས་གཡམ་པ་ལས་སྣོན་བཟོ་གྲྭ་བཙུགས་ནས་སྲོལ་རྒྱུན་གྱི་བཟོ་ཁང་ཆུང་ཆུང་གི་ལས་སྣོན་གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་། ཐོག་མའི་རྒྱུ་ཆ་སྔོག་འདོན་བྱ་རྒྱུའི་འགན་ཁུར་བ། བྲིན་ཚོང་དབང་ཆ་ཨར་སྐྲུན་ཀུང་སི་ཞིག་ལ་སྤྲད་པས་ལོ་ལྟར་ཡོང་འབབ་མཐོ་པོ་མེད།

    སྟེས་དབང་གི་གོ་སྐབས་ཤིག་ལས་རིན་གོང་དམའ་པོས་བཙོངས་པའི་ཐོག་མའི་རྒྱུ་ཆ་ཨར་སྐྲུན་ཀུང་སིས་སྟབས་བདེའི་ལས་སྣོན་བྱས་རྗེས་དེ་སྔའི་རིན་གོང་ལས་ལྡབ་ཁ་ཤས་ཀྱིས་མཐོ་བའི་སྒོ་ནས་བཙོངས་པ་ཚང་མས་ཤེས།

    “ང་ཚོས་ཉེན་ཁར་མ་འཛེམས་པར་རི་ནས་རྡོ་བསྔོགས་རུང་། མཐར་ཁེ་བཟང་མང་ཆེ་བ་གཞན་ལ་རག་གི་ཡོད། དེ་འདྲར་གྱུར་དོན་ཅི་ཡིན”གླིང་གཞི་གྲོང་ལྷན་གྱི་ཡུལ་མི་སོམ་ཉིའི་གནས་ལ་གྱར།

    སྐབས་དེ་དུས་གླིང་གཞི་གྲོང་ལྷན་ནི་སྟག་ལུང་གྲོང་རྡལ་གྱི་ས་མ་འབྲོག་གི་མཐའ་མཚམས་གྲོང་ལྷན་ཞིག་དང་གྲོང་ལྷན་གྱི་དུད་ཚང་365ལ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་57ཡོད།

    སྔ་སྡུག་ཕྱི་བསམ་བྱས་རྗེས་སྟག་ལུང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་དང་གླིང་གཞི་གྲོང་ལྷན་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གཡམ་པ་ལས་སྣོན་བཟོ་གྲྭ་འཛུགས་པའི་ཐབས་ལམ་འཚོལ་འགོ་བཙུགས་པ་དང་གྲོས་བསྡུར་ཐེངས་མང་བརྒྱུད་ཀུང་སིའི་རྣམ་པའི་རྡོ་ལས་སྣོན་བཟོ་གྲྭ་ཞིག་གཉེར་སྐྱོང་བྱས།

    2016ལོར་སྣ་དཀར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚོང་འགུག་མ་འདྲེན་བྱས་ནས་ཡར་འབྲོག་གཡུ་མཚོའི་ཨར་སྐྲུན་ཚད་ཡོད་ཀུང་སི་དང་མཐུན་སྦྱོར་གྱིས་གཡམ་པ་ཚོང་གཉེར་ལས་ལ་གཞོལ། མཐར་ཀུང་སིས་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་150བཏང་བ་དང་། ཡར་འབྲོག་གཡུ་མཚོའི་ཨར་སྐྲུན་ཚད་ཡོད་ཀུང་སིས་མ་དངུལ་སྒོར་ཁྲི་451བཏང་བ། གཏེར་རྫས་དབང་བའི་དབང་ཆ་གྲོང་ཚོའི་མཉམ་སྡེབ་ལ་དབང་བ་བཅས་ཀྱི་བྱེད་སྟངས་བརྒྱུད་བོད་ལྗོངས་ཡར་འབྲོག་གཡུ་མཚོའི་རང་བྱུང་རྡོ་ཆས་གསར་སྤེལ་འགན་འཁྲི་ཀུང་སི་དངོས་སུ་བཙུགས་ནས་རྡོ་ཆས་ལས་སྣོན་སྒྲིག་ཆས་6ཉོས་པས་ཐོན་རྫས་རིགས་12ཐོན་སྐྱེད་ཐུབ་པ་དང་ཉིན་རེའི་ཐོན་ཚད་སྨི་ངོས་གྲུ་45ཟིན་པ་དེ་གཡམ་པ་1000དང་ཧ་ལམ་འདྲ་པོ་ཡོད། སྒྲིག་ཆས་གསར་པ་སྤྱད་པས་ལས་སྣོན་བཟོ་གྲྭའི་ཐོན་སྐྱེད་བཟོ་རྩལ་སྔར་བས་སྔོན་ཐོན་དུ་གྱུར་ནས་ཐོན་སྐྱེད་ཕན་ནུས་ཆེ་རུ་ཕྱིན་ལ་བདེ་འཇགས་ཀྱང་ཆེ་རུ་ཕྱིན་ཡོད།

    འདི་ལོ་ལོ་24ལ་སླེབས་པའི་ཀུན་བཟང་རྣམ་སྒྲོལ་ནི་ཐོན་སྐྱེད་འཁོར་ཁང་གི་བཟོ་པ་རེད། དེ་སྔ་ཁོང་གིས་ཨར་སྐྲུན་ལས་ཡུལ་དུ་ཨར་པོ་བརྒྱུགས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ལས་སྣོན་བཟོ་གྲྭར་ལས་ཀ་བྱས་པ་ནས་བཟུང་ཁོང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། “དེ་གར་ངས་གཡམ་པ་སྔོག་སྟངས་ནས་སྦྱངས་པ་ཡིན། ད་ལྟ་འཕྲུལ་ཆས་བཀོལ་སྤྱོད་བྱེད་སྟངས་ཤེས་པས་གླ་ཆ་སྒོར་6000འདུག འདི་གར་ངས་ལག་རྩལ་ཁོང་དུ་ཆུད་ཅིང་། ཡོང་འབབ་ཀྱང་མི་དམན་པ་ཞིག་འདུག”ཅེས་ཀུན་བཟང་རྣམ་སྒྲོལ་གྱིས་དགའ་ཚོར་ངང་བཤད།

    “ལོ་གཉིས་རིང་ང་ཚོའི་གླིང་གཞིའི་གཡམ་པའི་སྙན་གྲགས་གང་སར་ཆོད། གོམ་སྟབས་རྗེས་མར་ང་ཚོས་ལྷ་ས་གྲོང་ཁྱེར་དང་། རྩེད་ཐང་གྲོང་རྡལ། སྣ་དཀར་རྩེ་རྫོང་བཅས་སུ་བྲིན་ཚོང་ས་ཚིགས་བཙུགས་ནས་སྐད་གྲགས་སྔར་བས་ཆེ་རུ་གཏོང་བ་དང་ཆབས་ཅིག་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་དང་སྣ་ཁ་མང་དུ་བཏང་སྟེ་གཡམ་པ་ལས་སྣོན་ལས་ལ་གཞོལ་ནས་མི་སེར་གྱི་ཕུགས་འདུན་རིམ་གྱིས་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན”ཞེས་ལི་ཞའོ་ལུང་གིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།