[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཅེས་སེམས་ཀྱི་སྒྲོན་མེས་བུ་ཕྲུག་གི་མདུན་སྐྱོད་ལམ་བུ་གསལ་བར་བྱས།

    —— སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཐོབ་མཁན་ཉི་མ་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    ཉི་མ་ཚེ་རིང་། བོད་རིགས། 1978ལོར་སྐྱེས། གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་། སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཐོབ་མཁན། 

    ཕྲུ་གུ་ཚོའི་མིག་ལམ་དུ་ཉི་མ་ཚེ་རིང་ནི་སེམས་བཟང་ཅན་དང་སྙིང་ཉེ་བ་ཞིག་རེད། ལྷད་མེད་ཀྱི་བྱིས་པའི་འཛུམ་མདངས་ལས་ཉི་མ་ཚེ་རིང་གིས་བྱ་བཟང་སྒྲུབ་པའི་འདུན་པ་ཡིད་ལ་འཆར། ཁོང་གིས་ཀྱང་རང་ཉིད་ཀྱི་མཐའ་དག་ཕྲུ་གུ་ཚོར་སྐྱེས་སུ་ཕུལ་བ་དང་རང་ཉིད་ཀྱི་ཚེ་སྲོག་བྱིས་པའི་ཕན་བདེ་ཁང་གི་བྱ་གཞག་ཆེད་ལེགས་སྐྱེས་ཕུལ་དང་འབུལ་བཞིན་མཆིས།

    གཅེས་སེམས་ཀྱི་ས་བོན་བཏབ།

    “ང་ཡང་དྭ་ཕྲུག་ཅིག་ཡིན་པས། དྭ་ཕྲུག་གི་གནས་བབ་ལ་ཧ་ཅང་རྒྱུས་མངའ་ཆེན་པོ་ཡོད། ཁོང་ཚོར་གཅེས་སེམས་དགོས་གལ་ཆེན་པོ་ཡོད་པ་ཤེས་ཀྱི་འདུག”

    ཉི་མ་ཚེ་རིང་སྐྱེས་ནས་ཟླ་དགུ་ལས་མ་སོང་བར་ཨ་མ་ཚེ་ལས་འདས། ལོ་18ལ་སླེབས་སྐབས་ཨ་ཕ་ཡང་ནད་ཀྱིས་མནར་ནས་ཚེ་ལས་འདས་ཏེ་དུས་དེ་ནས་བཟུང་ཁོ་པ་དྭ་ཕྲུག་ཅིག་ཏུ་གྱུར། 

    “ངའི་ཕ་མ་ནི་མི་སེམས་བཟང་ཅན་ཞིག་རེད། རྒྱུན་དུ་དཀའ་ངལ་འཕྲད་མཁན་ཚོར་རོགས་པ་བྱེད་གང་ཐུབ་བྱེད་ཀྱི་ཡོད། ཆུང་བྱིས་པའི་དུས་ནས་ཕ་མས་ངག་སློབ་དཔེ་སྟོན་ཇི་བཞིན་རང་ཉིད་དགེ་སྒྲུབ་ལས་ལ་གཞོལ་རྒྱུར་ཤུགས་རྐྱེན་ཐེབས་བྱུང”

    ཕ་མས་རང་དཔེ་གཞན་སྟོན་གནང་བས་ལོ་ན་ཆུང་བའི་ཉི་མ་ཚེ་རིང་གི་སེམས་ངོས་ཀྱི་ཞིང་ས་གཤིན་པོར་གཞན་ལ་རོགས་རམ་བྱེད་པའི་ས་བོན་ཞིག་བཏབ། 

    གཅེས་སེམས་དབང་གིས་སྐུལ་ལྕག་ཐེབས་ནས་ལག་ལེན་དངོས་སུ་འཁྱོལ་བ།

    གཅེས་སེམས་ཀྱིས་མི་གཞན་ལ་རྒྱུས་མངའ་ཡོང་ཐུབ་ལ་མི་གཞན་ལ་དྲོ་སྐྱིད་ཀྱང་སྦྱིན་ཐུབ། ང་ཚོས་གཅེས་སེམས་ལ་བརྟེན་ནས་ཁོང་ཚོར་གཅེས་སྐྱོང་བྱས་ཚེ་རང་ཉིད་ལ་སྤྲོ་བ་དང་སྟོབས་ཤུགས་འཕེལ་སྲིད། གཅེས་སེམས་དེ་ལས་ཉི་མ་ཚེ་རིང་གིས་མུ་མཐུད་བྱ་གཞག་འདི་སྒྲུབ་པར་ལྕག་སྐུལ་ཆེན་པོ་ཐེབས་ཡོད།

    ཁྱིམ་ཚང་གི་འཁོས་ཀ་ཞན་པའི་ཉི་མ་ཚེ་རིང་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོ་འགྲིམ་སྐབས་སློབ་མཚམས་བཞག་ནས་སྤྱི་ཚོགས་སུ་མ་སྐྱོད་ཀ་མེད་བྱུང་། ལོ་21ལ་སླེབས་སྐབས་གཞན་གྱི་ངོ་སྤྲོད་བརྒྱུད་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་རུ་རིག་དངོས་ཐོ་འགོད་དང་ཕོ་བྲང་པོ་ཏ་ལའི་འགྲེལ་བཤད་པའི་ལས་ཀ་བྱེད་མཁན་དུ་གྱུར། ཞབས་ཞུའི་ལས་གནས་སུ་ལས་ཀ་བྱེད་སྐབས་ཚད་ཡོད་ཀྱི་མེ་ཚེའི་ནང་གཞན་ལ་རོགས་རམ་གང་ཐུབ་བྱས་ནས་སྤྱི་ཚོགས་དང་རྒྱལ་ཁབ་ཆེད་དོན་སྙིང་ལྡན་པའི་བྱ་བ་ཁག་གཅིག་བསྒྲུབ་རྒྱུའི་འདུན་པ་ཁོང་གི་སེམས་ངོས་སུ་འཆར། 

    དེར་བརྟེན་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྔར་ཡོད་ཀྱི་ལས་ཀ་བརྟན་པོ་དེ་དོར་ནས་ཚོང་གཉེར་ལས་ལ་ཞུགས་པ་དང་འབྲེལ་ཚོང་བརྒྱབ་པ་བརྒྱུད་རོགས་རམ་མཁོ་བའི་མི་མང་པོར་རོགས་རམ་བྱས་ཤིང་། “རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་བྱ་རྒྱུ་ཡིན”ཞེས་པའི་ཐོག་མའི་གཅེས་སེམས་ཀྱི་ས་བོན་དེ་ཁོང་གི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོར་གྱུར། 

    ཐོག་མར་ཉི་མ་ཚེ་རིང་གིས་རླངས་འཁོར་འཁྲུད་ས་ཞིག་གཉེར་བས་ལམ་འགྲོ་མ་རྒྱུག་པར་སྒོ་རྒྱག་དགོས་འཁེལ། དེ་ནས་ཁོང་གིས་བྲིན་ཚོང་ལས་རིགས་སུ་ཞུགས་ཀྱང་ཡོང་འབབ་ཡག་པོ་མ་བྱུང་བར། མཐར་ཁོང་གིས་གཞིས་རྩེར་ཇ་ཁང་ཞིག་བཙུགས་པར་ཡོང་འབབ་ཡག་པོ་བྱུང་བས་དགེ་སྒྲུབ་བྱ་བ་སྒྲུབ་པར་དཔལ་འབྱོར་གྱི་རྨང་གཞི་ཆེན་པོ་བཏིང་བ་རེད། 

    “དཀའ་བ་དུ་མ་འཕྲད་རུང་ངས་སེམས་ཤུགས་གཏན་ནས་མི་ཆག་པ་བྱས་པ་ཡིན། གང་ཡིན་ཟེར་ན། ངའི་སེམས་གཏིང་ནས་མི་དེ་བས་མང་བར་རོགས་རམ་བྱ་རྒྱུའི་འདུན་པ་འཆང་བས་རེད། གཅིག་བྱས་ན་དེའི་དབང་གིས་དཀའ་བ་མཐའ་དག་ལས་རྣམ་པར་རྒྱལ་བའི་སེམས་ཤུགས་ཤིག་ངང་གིས་སྐྱེས་པ་ཡིན་སྲིད”ཅེས་ཉེ་མ་ཚེ་རིང་གིས་གསར་འགོད་པར་བཤད་བྱུང་། 

    ཁོང་གི་ཚོང་ལ་ལམ་འགྲོ་རྒྱུག་པའི་སྐབས་གཞིས་རྩེའི་གྲོང་གསེབ་ནས་ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་རྒན་མོ་ཞིག་གི་ཁྱིམ་ཚང་གི་འཁོས་ཀ་ཞན་རུང་ཁོང་གཅིག་པུས་དྭ་ཕྲུག་བཞི་འཚོ་སྐྱོང་བྱེད་པ་ཤེས། བྱ་བཟང་དེས་ཉི་མ་ཚེ་རིང་ལ་སེམས་འགུལ་ཆེན་པོ་ཐེབས། དུས་དེ་ནས་བཟུང་དྭ་ཕྲུག་ལ་གཅེས་སྐྱོང་དང་རོགས་རམ་བྱ་རྒྱུའི་ཆོད་སེམས་དྲག་པོ་སྐྱེས་ནས་དྭ་ཕྲུག་འཚོ་སྐྱོང་གི་དགེ་སྒྲུབ་བྱ་གཞག་སྒྲུབ་འགོ་ཚུགས། 

    2007ལོ་ནས་བཟུང་ཁོང་གིས་སྦག་སྦག་བཞོན་ནས་གཞིས་རྩེའི་ཐག་རིང་ལུང་ཁུག་ཏུ་རོགས་རམ་བྱེད་དགོས་པའི་དྭ་ཕྲུག་བཙལ་ནས་སྔ་རྗེས་སུ་དྭ་ཕྲུག་13གསོ་ཉར་བྱས། 2008ལོར་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཉི་མ་ཚེ་རིང་གིས་གཞིས་རྩེ་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་བཙུགས་པ་རེད། 

    གཅེས་སེམས་ཀྱི་མེ་ཏོག་རབ་ཏུ་བཞད། 

    མི་གཞན་གྱི་དཀའ་ངལ་དང་སྡུག་བསྔལ་སེལ་རོགས་བྱེད་པ་ནི་མི་ཚེའི་ནང་གི་བདེ་སྐྱིད་དང་སྤྲོ་སྣང་ཆེ་ཤོས་ཤིག་རེད།

    གཞིས་རྩེ་གྲོང་ཁྱེར་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་བསྐྲུན་རྗེས་ཉི་མ་ཚེ་རིང་གིས་དགེ་སྒྲུབ་ལས་ལ་ཧུར་ཐག་གཞོལ་བའི་ཐོག་མའི་འདུན་པ་གཏན་ནས་བརྗེད་མེད། 

    ད་ཆ་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་དུ་ཡུལ་མི་འདྲ་བ་ནས་ཡིན་པའི་དྭ་ཕྲུག་27འཚོ་བ་སྐྱེལ་བཞིན་ཡོད། ཁོང་ཚོ་ནི་ཉི་མ་ཚེ་རིང་གིས་སྐད་ཆ་ཞིབ་ཕྲ་དྲིས་རྗེས་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་དུ་རེ་རེ་བཞིན་བསུས་པ་ཤ་སྟག་རེད། དྭ་ཕྲུག་དེ་དག་གིས་དེ་གར་སྤྱི་ཚོགས་ཀྱི་གཅེས་སྐྱོང་དང་ཚད་ལྡན་སློབ་གསོ་དང་ལེན་བྱེད་བཞིན་ཡོད། “ངས་ཕྲུ་གུ་ཚོའི་བསམ་བློ་ཀུན་སྤྱོད་སློབ་གསོར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཁོང་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་མེས་རྒྱལ་དང་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་དགོས་པ་མ་ཟད། ད་དུང་ནམ་ཞག་རྒྱུན་དུ་ནས་མི་གཞན་ལ་རོགས་རམ་བྱེད་པའི་སེམས་པ་ཞིག་འཆང་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད”ཅེས་ཉི་མ་ཚེ་རིང་གིས་གསར་འགོད་པར་བརྗོད་བྱུང་། 

    ལོ་ཤས་རིང་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་གི་དྭ་ཕྲུག་6སློབ་ཆུང་དུ་ཚུད་པ་དང་། དྭ་ཕྲུག་6དམའ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་པ། དྭ་ཕྲུག་5མཐོ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་པ། དྭ་ཕྲུག་5སློབ་ཆེན་དུ་རྒྱུགས་འཕྲོད་པ། དྭ་ཕྲུག་4སློབ་མཐར་ཕྱིན་ནས་ལས་ཀ་རག་པ་བཅས་རེད། ལྷག་དོན་དུ་གླེང་རིན་ཡོད་པ་ཞིག་ནི་2013ལོར་སློབ་ཆུང་ཡིག་རྒྱུགས་ནང་དྭ་ཕྲུག་མིག་དམར་བསྟན་འཛིན་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་ཨང་དང་པོ་བླངས་པ་དང་འབྲེལ་ཧྲང་ཧའེ་ཀུང་ཁང་སློབ་འབྲིང་དུ་རྒྱུགས་འཕྲོད་ནས་སློབ་ཕྲུག་ཚོའི་མིག་དཔེར་གྱུར་ཡོད། 2014ལོར་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བས་དབྱིན་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་110འཁོར་བར་དྲན་གསོ་ཞུ་བའི་གཏམ་བཤད་འགྲན་བསྡུར་ནང་དྭ་ཕྲུག་སྤེན་པ་ཚེ་རིང་གིས་མཚོན་ཚུལ་ལེགས་པོའི་ཐོག་ནས་ཨང་གཉིས་པའི་འབྲས་བཟང་བླངས་པ་རེད། 

    ཉི་མ་ཚེ་རིང་གིས་རང་ཉིད་ཀྱི་ཕུགས་བསམ་ལ་བརྟེན་ནས་ཕྲུ་གུ་ཚོའི་ཕུགས་འདུན་མངོན་འགྱུར་དང་། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕྲུ་གུ་ཚོའི་འབྱུང་འགྱུར་ལ་ཁྲིད་སྟོན། རང་ཉིད་ཀྱི་ཕྲག་པར་བརྟེན་ནས་ཕྲུ་གུ་ཚོའི་གནམ་ས་འདེགས་པ་བཅས་བྱས་དང་བྱེད་མུས་ལགས། གཅེས་སེམས་ནི་རབ་ཏུ་འབར་བའི་ཚེ་སྲོག་གི་མེ་ལྕེ་ལྟ་བུ་ཞིག་ཡིན་པས་དེ་མེད་ན་མུན་ནག་ཏུ་འགྱུར་སྲིད། ཉི་མ་ཚེ་རིང་གིས་དགེ་སྒྲུབ་ལས་ལ་གཞོལ་རིང་སྔར་རྒྱུན་བཞིན་གཅེས་སེམས་མཚོན་པར་བྱེད་པ་དང་གཅེས་སེམས་ལ་བརྟེན་ནས་ཕྲུ་གུའི་མདུན་སྐྱོད་ཀྱི་ལམ་བུར་འོད་སྣང་སྦྱིན་བཞིན་མཆིས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།