[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ​ མ་ཕམ་གཡུ་མཚོ་མཐོ་ཞིང་གྲང་རུང་བདག་སྐྱོང་བྱེད་མཁན་ཡོད།

    ད་ཕན་ལོ་ཤས་རིང་མ་ཕམ་གཡུ་མཚོའི་འདམ་རར་རྒྱུན་གཏན་ཅན་གྱི་བདག་སྐྱོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིནརེའི་ཚགས་པར།    |    རྩོམ་པ་པོ།   མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།    |    སྤེལ་དུས།   2017-11-30

    456879_yis_1511929394341_s.jpg

    འདི་ནི་པད་མ་དབང་རྒྱལ(གཡོན)དང་ལས་རོགས་ཀྱིས་སྐོར་གཡེང་བྱེད་བཞིན་པ།

    ཟླ་11པའི་ཟླ་མཇུག་ནས་བོད་ཀྱི་མངའ་རིས་ས་ཁུལ་དུ་གྲང་ཟུག་ཆེན་པོ་སླེབས་ཤིང་། སྔ་དྲོའི་ཆུ་ཚོད་11ལྷག་ཙམ་ལ་གཞི་ནས་དྲོད་ཕྲན་ཙམ་སླེབས་ཀྱི་ཡོད། པད་མ་དབང་རྒྱལ་གྱིས་རྣམ་ཀུན་བཞིན་ཟིན་བྲིས་དེབ་ཁུག་མའི་ནང་བླུགས་ནས་རྒྱང་ཤེལ་དང་པར་ཆས་དང་དེ་བཞིན་སྦག་སྦག་གི་ཞྭ་མོ་འཁྱེར་ཏེ་སྒོ་ཁ་ནས་ཐོན། ཉི་མ་ཤར་ནས་གང་ཙམ་སོང་ཡང་ད་དུང་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ཡས་མས་ཡིན། རུས་ལ་ཟུག་པའི་གྲང་རླུང་ལྡང་རུང་པད་མ་དབང་རྒྱལ་གྱིས་སྦག་སྦག་བཏང་ནས་སྔར་བཞིན་སྐོར་གཡེང་བྱེད་པར་བསྐྱོད།

    ལོ་29ལ་སླེབས་པའི་པད་མ་དབང་རྒྱལ་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྲུང་སྐྱོང་པ་ཞིག་ཡིན། ད་ཆ་ཁོང་ནི་མ་ཕམ་གཡུ་མཚོའི་འདམ་རའི་སྐྱིད་སྦུག་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཡིན། མ་ཕམ་གཡུ་མཚོའི་འདམ་ར་ནི་2005ལོར་རྒྱལ་སྤྱིའི་འདམ་རའི་སྤྱི་ཆིངས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་འདམ་ར་གལ་ཆེན་དུ་བདམས་པ་དང་འདི་ལོའི་ཟླ་7པར་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ལ་དངོས་སུ་རིམ་སྤོར་བྱས་པ་རེད།

    ས་མཐོའི་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་ནང་སྐྱེ་དངོས་སྣ་ཁ་400ལྷག་ཙམ་དེར་འཚོ་སྡོད་དམ་ཡང་ན་སྐྱེ་འཚར་བྱེད་བཞིན་ཡོད།

    མ་ཕམ་གཡུ་མཚོའི་འདམ་ར་དེ་ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་གྱི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་གནས་ཡོད། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་9.9ཟིན་པའི་ནང་མ་ཕམ་གཡུ་མཚོའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་6.9ཟིན་ནས་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་70%ཙམ་བཟུང་ཡོད། ད་ཕན་ལོ་ཤས་རིང་སྐམ་སའི་དབུས་ཁུལ་གྱི་མཚོར་གྱུར་ཡང་། མ་ཕམ་གཡུ་མཚོའི་ཆུ་སྤུས་སྔར་བཞིན་ཚྭ་མེད་ཆུ་ཡིན་པ་དང་མཚོའི་མཐའ་འཁོར་དུ་གདོད་མའི་སྣོད་བཅུད་ཁོར་ཡུག་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དེས་འདམ་རའི་མཐའ་འཁོར་གྱི་གནམ་གཤིས་ལ་ཐད་ཀའི་སྙོམས་སྒྲིག་གི་ནུས་པ་ཐོན་ཐུབ་ལ་ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་ཡང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།

    “འདི་ནི་ས་མཐོའི་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་ལྟ་བུ་ཡིན། དེའི་ནང་སྐྱེ་དངོས་སྣ་ཁ་400ལྷག་ཙམ་འཚོ་སྡོད་དམ་ཡང་ན་སྐྱེ་འཚར་བྱེད་བཞིན་ཡོད་པས་སྐྱེ་དངོས་སྣ་མང་རང་བཞིན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། འཛམ་གླིང་མཐོ་གྲང་ས་ཁུལ་གྱི་མཚོན་བྱེད་རང་བཞིན་དང་དཔེ་མཚོན་རང་བཞིན་ཆེན་པོ་ལྡན་པའི་མཚོ་མཚེའུའི་འདམ་ར་ཞིག་ཀྱང་ཡིན། སྲུང་སྐྱོང་ཁུལ་གྱི་རྒྱ་ཆེ་བའི་འདམ་ར་དེས་རྒྱ་མཚོ་དང་ཐག་རིང་བ་དང་ནགས་ཚལ་མེད་པའི་མཐོ་གྲང་གནམ་གཤིས་ཁུལ་གྱི་སྣོད་བཅུད་མ་ལག་ལ་ནུས་པ་ཆེན་པོ་ཐོན་གྱི་ཡོད”སྤུ་ཧྲེང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་དབང་དོན་རྒྱལ་གྱིས་མ་ཕམ་གཡུ་མཚོ་དང་དེ་བཞིན་མཐའ་འཁོར་གྱི་འདམ་ར་དང་ཆུ་བོ་ནི་ས་གནས་དེ་གའི་ས་གཤིས་འགྱུར་ལྡོག་གི“རྟེན་རྫས་བཤམས་མཛོད་ཁང་གསོན་པ”དེ་ཡིན་ཞེས་བཤད།

    ཆེད་འགན་བདག་སྐྱོང་པ་བཀོད་སྒྲིག་བྱས་ཏེ་དུས་བཀག་ནང་སྐོར་གཡེང་བྱས་པ།

    འདི་ལོའི་ཟླ་བདུན་པར་མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་རྗེས། སྤུ་ཧྲེང་རྫོང་ནགས་ལས་ཅུས་ཀྱིས་བདག་སྐྱོང་ས་ཚིགས་6དང་། བདག་སྐྱོང་ས་ཚིགས་3དེ་བཞིན་ཞིབ་བཤེར་ས་ཚིགས་1བཅས་བཙུགས་པ་དང་འདི་ལོའི་ཟླ་8པར་བདག་སྐྱོང་པ་90ལས་གནས་ཐོག་བཀོད་སྒྲིག་བྱས་པ་རེད།

    “དེ་སྔ་ང་ཚོར་བདག་སྐྱོང་པ་ཡོད་རུང་། ཁོང་ཚོ་ཚང་མས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པ་དང་ནགས་སྲུང་པ་སོགས་ཞོར་འགན་མང་པོ་ཁུར་གྱི་ཡོད། ད་ཆ་ཆེད་འགན་བདག་སྐྱོང་པ་ཡོད་པས་འདམ་རར་དེ་བས་ལེགས་པའི་སྒོ་ནས་བདག་སྐྱོང་བྱེད་ཐུབ”ཅེས་ཚེ་དབང་་དོན་རྒྱལ་གྱིས་བཤད།

    “དགུན་ཁ་ང་ཚོས་གཟའ་འཁོར་རེར་ཉུང་མཐར་ཡང་སྐོར་གཡེང་ཐེངས་3དང་ཐེངས་རེར་ཆུ་ཚོད་3ལྷག་ཙམ་བྱེད་པ་དང་དབྱར་ཁར་ཉིན་ལྟར་སྐོར་གཡེང་བྱེད་ཀྱི་ཡོད། བདག་སྐྱོང་ས་ཚིགས་ལ་མི་གྲངས་12ཡོད་པ་དང་མི་གཉིས་ལས་ཚོགས་ཆུང་རེ་གྲུབ་ཡོད། ཁོང་ཚོས་གཙོ་བོ་འདམ་རའི་ནང་མིས་སྲོག་ཆགས་དང་རྩི་ཤིང་ལ་གནོད་འཚེ་གཏོང་གི་ཡོད་མེད་ལ་བལྟ་ཡི་ཡོད”ཅེས་པད་མ་དབང་རྒྱལ་གྱིས་དེ་ལྟར་བཤད།

    གསར་འགོད་པས་པད་མ་དབང་རྒྱལ་དང་ཁོང་གི་ལས་རོགས་ཚོ་དང་མཉམ་དུ་མ་ཕམ་གཡུ་མཚོའི་འདམ་རའི་སྲུང་སྐྱོང་ཁུལ་དུ་བསྐྱོད། སྐོར་གཡེང་བྱེད་རིང་། ཁོང་ཚོས་སྦག་སྦག་གཏོང་མཚམས་བཞག་ནས་གད་སྙིགས་སྒྲུག་པའམ་ཡང་ན་རྒྱང་ཤེལ་འཁྱེར་ནས་གནས་ཚུལ་གང་ཡོད་མེད་བལྟས་རྗེས་ཟིན་བྲིས་རྒྱག་གི་ཡོད།

    པད་མ་དབང་རྒྱལ་གྱི་ཟིན་བྲིས་དེབ་ཁ་ཕྱི་ཚེ། དེའི་ནང་སྐོར་གཡེང་གི་དུས་ཚོད་དང་། ས་ཆ། གནས་ཚུལ་ཡོད་མེད་སོགས་ཀྱི་ནང་དོན་ཚ་ཚང་པོ་བཀོད་ཡོད།

    པད་མ་དབང་རྒྱལ་གྱིས“ལྷོད་གཡེང་སྤུ་ཙམ་ཡང་བྱེད་ནུས་ཀྱི་མི་འདུག ང་ཚོས་རང་ཉིད་ཀྱི་ཕ་ཡུལ་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱས་པར་རྒྱལ་ཁབ་ཀྱིས་ང་ཚོར་ཟླ་རེར་སྒོར་2000སྤྲོད་ཀྱི་འདུག ལས་ཀ་དང་འཚོ་བར་འགན་ལེན་ཡོད་པས་ལས་ཀ་ཡག་པོ་བྱ་རྒྱུ་ནི་ཨ་ཅང་རེད”ཅེས་བཤད།

    སྐོར་གཡེང་བྱེད་པ་ཕུད། ད་དུང་བདག་སྐྱོང་པ་ཚོས་གཟའ་འཁོར་རེར་སྲུང་སྐྱོང་ཁུལ་དུ་གད་སྙིགས་སྒྲུག་གི་ཡོད་པ་དང་མཐའ་འཁོར་གྱི་གྲོང་མི་ཚོས་ཀྱང་རང་འགུལ་ངང་དེའི་ནང་ཞུགས་ཀྱི་ཡོད།

    བོད་དུ་འདམ་རའི་སྲུང་སྐྱོང་བཅའ་ཁྲིམས་མ་ལག་བཙུགས་ནས་འབྲེལ་ཡོད་སྣོད་བཅུད་ཁ་གསབ་ལམ་ལུགས་ལག་ལེན་བསྟར་བ།

    “ང་ཚོས་མ་ཕམ་གཡུ་མཚོར་ཕྱོགས་ཡོངས་ཀྱི་སྲུང་སྐྱོང་བྱེད་ཀྱི་ཡོད། འོན་ཀྱང་དེར་ཐོན་པའི་མིས་བཟོས་གནོད་འཚེའི་སྣང་ཚུལ་ལ་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་དོ་དམ་དང་ཚད་ལྡན་དུ་གཏོང་དགོས། 2015ལོ་ཚུན། བོད་ཀྱིས་ལག་ལེན་བསྟར་བའི་མ་ཕམ་གཡུ་མཚོའི་རྒྱལ་སྤྱིའི་འདམ་ར་གལ་ཆེན་ལྟེ་བར་བྱེད་པའི་སྣོད་བཅུད་ཕན་འབྲས་ཁ་གསབ་ཚོད་ལྟར་2016ལོ་ཁོ་ནར་སྒོར་ཁྲི་2500གཤམ་སྤྲོད་བྱས་པ་དེ་དག་ཕྱུགས་བཀག་ཁ་གསབ་དང་། མི་ཐབས་རྩྭ་འདེབས། སྔོ་ཁེབས་སླར་གསོ་སོགས་ཐད་སྤྱད་པ་རེད”ཅེས་ཚེ་དབང་དོན་རྒྱལ་གྱིས་བཤད།

    ཚེ་དབང་དོན་རྒྱལ་གྱིས་གསར་འགོད་པར་སྲུང་སྐྱོང་ཁུལ་ནི་ཆུ་བྱ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཟས་འཚོལ་ས་དང་འཚོ་སྡོད་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་འཚོ་བ་དང་ཐོན་སྐྱེད་དང་ཡང་འབྲེལ་བ་ཟབ་མོ་ཡོད་པས། སྲུང་སྐྱོང་ཁུལ་གྱི་ས་ཆ་འགའ་ཞིག་ལ་ཕྱུགས་འཚོ་བ་སོགས་མིའི་བྱ་སྤྱོད་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། གོམ་སྟབས་རྗེས་མར། སྲུང་སྐྱོང་ཁུལ་གྱིས་ཕྱུགས་བཀག་བྱེད་ཐབས་མུ་མཐུད་སྤྱོད་པ་དང་། གཏན་འགོག་རང་བཞིན་གྱི་བྱང་བུ་འཛུགས་པ། དོ་དམ་སྲུང་སྐྱོང་མི་སྣའི་སྐོར་གཡེང་ལ་ཤུགས་སྣོན་རྒྱག་པ། རྩྭ་ར་དང་འདམ་རར་ཕྱུགས་བཀག་ཁ་གསབ་མང་དུ་གཏོང་བ་བཅས་བྱ་རྒྱུ་རེད། གཞན་ཡང་། མི་དང་ཕྱུགས་རིགས་ཀྱི་གནོད་འཚེ་མི་ཕོག་པ་བྱ་ཆེད་འདམ་ར་སླར་གསོ་དང་། རྩྭ་ཐང་གི་སྔོ་ཁེབས་་སླར་གསོ། མི་ཐབས་རྩྭ་འདེབས་དང་སྡོང་ཕྲན་སྔོ་ཁེབས་སླར་གསོའི་བྱེད་ཐབས་སྤྱད་དེ་ས་ཁོངས་སུ་ལྕགས་དྲ་བསྐོང་རྒྱུ་རེད་ཅེས་བཤད།

    འདམ་རའི་ཐོན་ཁུངས་སྲུང་སྐྱོང་དང་། འཛུགས་སྐྲུན། སླར་གསོ་བཅས་བྱ་ཆེད་བོད་ཀྱིས་འདམ་ར་སྲུང་སྐྱོང་བཅའ་ཁྲིམས་མ་ལག་བཟོས་པ་དང་འབྲེལ། འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཚོད་ལྟའི་ཇུས་གཞི་འཚོལ་ཞིབ་བྱེད་རིང་འབྲེལ་ཡོད་ཁ་གསབ་ལམ་ལུགས་ལག་བསྟར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།