[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཁྲུན་ཕུའུ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་11ཉིན་གྲོང་ཁྱེར་ཤན་ཀང་སྲིད་འཛིན་ལྟེ་གནས་སུ་ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཁྲུན་ཕུའུ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་ཤན་ཀང་སྲིད་འཛིན་ལྟེ་གནས་སུ་ཕེབས་འབྱོར་ཟིན་སྐབས་རོན་ཁྲུན་ཕུའུ་ཡིས་རྒྱལ་སྒོའི་ཕྱི་རོལ་དུ་ཕེབས་བསུ་ཞུས་ནས་བསྡད་ཡོད། གུས་དམག་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ནས་ཡོད།

    ཞི་ཅིན་ཕིང་གིས་ཉེ་དུས་ཝེ་ཐེ་ནམ་དབུས་ལྷོ་ས་ཁུལ་དུ་རྒྱ་མཚོའི་རླུང་འཚུབ་ཚབས་ཆེན་གྱི་གནོད་འཚེ་བྱུང་ནས་མི་སྣ་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་པར་སེམས་གསོ་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་གེགས་ཁུལ་མི་དམངས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་ནས་སྔ་ཙམ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་ལ་གེགས་སྐྱོབ་ལས་དོན་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་སང་ཉིན་ང་ཧ་ནོ་དབྱི་རུ་བསྐྱོད་དེ་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་བྱེད་འགོ་འཛུགས་རྒྱུ་ཡིན། མིག་སྔར་ཀྲུང་གོ་དང་ཝེ་ཐེ་ནམ་དབར་འབྲེལ་བ་གོང་འཕེལ་ཡག་པོ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོའི་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་བྱེད་མང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་པ་མ་ཟད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀྱི་སྤེལ་རེས་གཏིང་ཟབ་པ་དང་ཕྱོགས་མང་མཐུན་སྦྱོར་གྱི་འབྲེལ་བ་ཟབ་མོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་དབར་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ངས་ད་རེས་ཀྱི་འཚམས་འདྲི་བརྒྱུད་ཝེ་ཐེ་ནམ་གྱི་འགོ་ཁྲིད་བློ་མཐུན་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་མ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་སྒྱུར་བཅོས་འཕེལ་རྒྱས་ཀྱང་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ང་ཚོས་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་རྒྱ་སྐྱེད་བཏང་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་པོའི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་བྱེད་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་སྐྱོང་སྲིད་སྐྱོང་སྐོར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”དང“བར་ཁྱམས་གཉིས་དང་ཁུལ་གཅིག”བསྐྲུན་རྒྱུ་སྦྲེལ་མཐུད་མགྱོགས་པོ་ཡོང་བ་བྱས་ནས་དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། ཐོན་ནུས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་མ་བཏང་སྟེ་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མཛའ་མཐུན་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་པ་བྱེད་དགོས། འགལ་ཟླ་ཐག་གཅོད་འོས་འཚམ་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་གོང་འཕེལ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།