[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དངོས་སྒྲུབ་ཁྲོད་དུ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།

    —— རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་དགོས་ལ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའང་འབྱེད་དགོས་པའི་སྐོར་ལྷུག་པོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-12

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ལ་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱེ་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུའང་བསྐྱོད་དགོས”ཞེས་བཏོན་གནང་ཡོད།

    རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་རིག་པ་བསྒྲིམས་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་སློབ་སྦྱོང་བྱེད་རིང་སེམས་ནུས་གཅིག་སྒྲིལ་དང་དངོས་སྒྲུབ་ཁྲོད་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་ཞེས་བཤད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ནི་རང་རེའི་ཏང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འབད་འཐབ་དམིགས་ཚད་ཡིན”ཞེས་བཏོན་གནང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅང་ཐའེ་ཆང་གིས་འཕེལ་སྒྱུར་ལས་དོན་གྱིས་ནོར་སྲིད་ནས་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་དང“འགན་ལེན་གསུམ”གྱི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞི་ལག་ལེན་ཤུགས་ཆེན་བསྟར་རྒྱུ་དང་། སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་དང་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གོ་ཆོད་པའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ། ཁྲོམ་རའི་ལམ་སྲོལ་བརྒྱུད་ལས་ཞུགས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་དང་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་གསར་པ་ཞིབ་འཇུག་བྱས་ནས་བཟོས་ཏེ་ལས་ཞུགས་ལས་གཏོད་ཀྱི་ཆེད་དོན་རོགས་སྐྱོར་ཐེབས་རྩ་བཙུགས་ནས་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ལས་ཞུགས་ཀྱི་རྣམ་པ་གསར་པར་རོགས་སྐྱོར་ཧུར་ཐག་བྱ་རྒྱུ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་བཏང་ནས“1+7”སྨན་ཁང་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམ་འཛིན་བྱེད་པ་དང་རྫོང་རིམ་པའི་སྨན་ཁང་74ཡི་ཚོགས་སྒྲིག་རྣམ་པའི་ཁ་གཏད་རོགས་སྐྱོར་རིམ་བཞིན་ལག་ལེན་བསྟར་ཏེ་ཡུལ་དེ་གའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་སྤྱི་པའི་རིག་གནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཛུགས་སྐྱོང་འདུ་འགོད་ལག་ལེན་བསྟར་རྒྱུ་བཅས་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཀྱི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྱབ་རྒྱ་ཆེ་རུ་དང་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    “ཏང་གི་ཚོགས་ཆེན་བཅུ་དགུ་པས་ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་བརྗིད་ཉམས་ལྡན་པའི་ལེའུ་བརྩམ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད”ཅེས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ཏང་ཙུའི་ཧྲུའུ་ཅི་ཝང་ཕིང་གིས་བཤད་ཅིང་། ཁོང་གིས་གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་ཚན་རྩལ་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་གསར་གཏོད་རྣམ་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་དེ་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལྟ་ནས་2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཡིན་ཞེས་གསུངས་ཡོད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་བྱ་ཐབས་ཤིག་རེད་ལ་བོད་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཨུད་ཀྱི་ཧྲུའུ་ཅི་སྤེན་པ་བཀྲ་ཤིས་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས་རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་པོའི་རྫོང་གི་གྲས་ཤིག་ཡིན་པའི་བཞད་མཐོང་སྨོན་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཚེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་སྔར་བས་ལེན་པ་དང་ཁོང་དུ་སྔར་བས་ཆུད་པ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། 2019ལོའི་རྫོང་ཡོངས་ཀྱི་དབུལ་སྒྲོལ་དང་དབུལ་ཞྭ་འབུད་པའི་དམིགས་ཚད་ལ་དམིགས་ནས་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་གླིང་དང་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་སོགས“ཐོན་ལས་མྱུར་སྤེལ་འདུ་འགོད”ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་རྒྱུར་འབད་པ་བྱེད་དགོས་ཞེས་གསར་འགོད་པར་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།