[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ​ ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་སྔར་བས་ཆེ་བ་མངོན་པ་བྱེད་དགོས།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ​ མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-10-30

    ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འཆར་རིམ་བཞིན་རང་རེའི་ཏང་གིས་ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔོན་མཐོང་རང་བཞིན་བཅས་ལྡན་པའི་དགོངས་པའི་རྩ་འཛིན་བཏོན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་རྣམ་པ་གསར་པ་གཏོད་པ་དང་གནས་ཚད་གསར་པ་གཏོད་ཀྱི་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་ཡོད། འདི་ནི་རང་རེའི་ཏང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་འདིའི་ཐོག་ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐད་རང་རེའི་ཏང་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པའི་ཐད་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་རྒྱས་བཤད་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། འདི་ནི་རང་རེའི་ཏང་གིས་དུས་རབས་གསར་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་ལེའུ་གསར་པ་རྩོམ་འགོ་ཚུགས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འདི་ཉིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་ཆེའི་བསམ་བློའི་མཚོན་ཆ་ཞིག་ཏུ་འགྱུར་བ་བྱེད་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང། ཏང་ཡོངས་དང་རྒྱལ་ཡོངས་སུ་སློབ་སྦྱོང་ཆེན་པོ་ཞིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་བཞིན་སློབ་སྦྱོང་བྱས་ནས་གསལ་པོ་ཤེས་པའི་ཐད་ཤུགས་རྒྱག་དགོས་པ་དང་། མཐར་ཕྱིན་པ་ཤེས་པའི་ཐད་ཤུགས་རྒྱག་དགོས་པ། ཏན་ཏིག་དོན་འཁྱོལ་བྱེད་པའི་ཐད་ཤུགས་རྒྱག་དགོས། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་རྨང་གཞིའི་ཐོག་གཙོ་གནད་མངོན་གསལ་དོད་པོ་དང་འགག་རྩར་དམ་འཛིན་གྱིས་གཞི་ཚུགས་ས་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་ཀྱི་དགོངས་པ་ཡིན་པའི་ཐོག་དམིགས་པ་དང་། ལོ་5ཡི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐོག་དམིགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བ་སོགས་ཀྱི་ཆོད་གཏམ་གལ་ཆེན་བཏོན་པའི་ཤུགས་རྐྱེན་ཟབ་མོའི་ཐོག་དམིགས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག་དམིགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་བྱེད་པ་དང་། མི་དམངས་ཀྱིས་གུས་བཀུར་བྱེད་པ། ངོ་གནོང་མི་དགོས་པའི་ཏང་གི་གཙོ་འཛིན་ཡིན་པ་བཅས་ཀྱི་ཐོག་དམིགས་དགོས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དམག་སྒར། དྲ་ཚུགས་བཅས་སུ་སྒྲོག་འགྲེལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་ལས་བྱེད་མང་ཚོགས་ཚོས་ངར་ཤུགས་གཅིག་སྒྲིམ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་སྒྲུབ་ཆེད་འབད་འཐབ་བྱེད་དགོས།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོངས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ཅེས་པ་ནི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱིས་རང་རེའི་ཏང་གི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་ཆབ་སྲིད་ཀྱི་བརྡར་ཤ་གལ་ཆེན་བཅད་པ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི“སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་བཞི”ཞེས་པ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆོད་གཏམ་གསར་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཚེ་གཞི་ནས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་གསལ་ཤེས་ཐུབ་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་ཁོང་དུ་ཆུད་ནས“གདེང་ཚོད་བཞི”ཟབ་ཏུ་གཏོང་ཐུབ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་ཕྱིན་པའི་ཁྱད་ཆོས་གསར་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཚེ་གཞི་ནས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསལ་ཤེས་ཐུབ་སྟེ་དུས་རབས་གསར་པའི་བླང་བྱ་དང་མཐུན་ཐུབ། གོམ་སྟབས་གཉིས་ལ་ཕྱེ་ནས་བསྐྱོད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་དམིགས་ཚད་གསར་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཚེ་གཞི་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་ཆུད་ནས་རྒྱུན་མཐུད་འབད་འཐབ་བྱེད་པའི་སྙིང་སྟོབས་འཕེལ་ཐུབ། ཏང་འཛུགས་སྐྱོང་གི་བླང་བྱ་གསར་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཚེ་གཞི་ནས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ངང་ཏང་འཛུགས་སྐྱོང་དེ་བས་འགྱུར་མེད་སྟོབས་ལྡན་བསྐྲུན་ཐུབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏོང་ཐུབ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བླ་སྲོག་ལྟ་བུ་ཞིག་དང་། དུས་རབས་འབྱེད་པའི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་ཞིག མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཤིག་བཅས་ཡིན། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ངེས་པར་དུ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཇི་ལྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་མཐོ་ཚད་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྔ་བར་ཕྱི་གསུམ་དུ་མི་དམངས་དང་བསམ་བློ་གཅིག་ཏུ་གཏོང་བ་དང་མཉམ་དུ་ལས་དོན་བསྒྲུབས་ཐོག་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས།

    “ཏང་ཡོངས་ཀྱིས་ཡིད་ཆེས་བརྟན་གཏོང་དང་འབད་འབུངས་ཡར་བརྩོན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གསོན་ཤུགས་དེ་བས་ཆེ་བ་མངོན་པར་བྱེད་དགོས”ཞེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་ཡོངས་ལ་རླབས་ཆེའི་འབོད་སྐུལ་གནང་ཡོད། དུས་རབས་གསར་པར་རྣམ་པ་གསར་པ་ཡོད་དགོས་ལ། འགན་འཁྲི་འཁུར་སེམས་གསར་པ་དེ་བས་ཀྱང་ཡོད་དགོས། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གཟི་བརྗིད་ལྡན་པའི་བྱས་རྗེས་གསར་པ་འཇོག་པ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་ཐོག་འོད་སྟོང་གསར་པ་གཏོད་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་28ཉིན་འབྱོར་བའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།