[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-18

    443460_yis_1508262938334.jpg

    ཟླ་10ཚེས་17ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པ་ཐུའོ་ཀྲེན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། འདི་ནི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོག་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་ཕྱི་དྲོ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པ་ཐུའོ་ཀྲེན་གྱིས་མི་དམངས་ཚོགས་ཁང་ཆེ་མོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཀྲུང་ཕྱིའི་གསར་འགོད་པར་ཚོགས་ཆེན་བཅུ་དགུ་པའི་གྲོས་རིམ་དང་དེ་བཞིན་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་དང་ཚོགས་འདུའི་དུས་ཡུན་ཟླ་10ཚེས་18ཉིན་ནས་ཟླ་10ཚེས་24ཉིན་བར་ཡིན་ཞིང་ཁྱོན་ཉིན་7ཡིན་ཞེས་གསུངས་པ་རེད། ཚེས་17ཉིན་གྱི་ཕྱི་དྲོ་གྲ་སྒྲིག་ཚོགས་འདུ་འཚོགས་ཏེ་ཚོགས་ཆེན་གྱི་གྲོས་རིམ་གཏན་འཁེལ་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མཚན་ཐོར་གྲོས་འཆམ་བྱུང་བ། ཀྲུའུ་ཞི་ཚོགས་པའི་སྣེ་ཁྲིད་འོག་ཚོགས་ཆེན་འཚོག་རྒྱུ་ཡིན་པ་རེད།

    ཐུའོ་ཀྲེན་གྱིས་མིག་སྔར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲ་སྒྲིག་ལས་དོན་ཁག་ཚང་མ་གྲ་སྒྲིག་ཚར་ཟིན་ཞེས་གསུངས་པ་རེད། ཁོང་གིས་ད་ཐེངས་ཀྱི་ཚོགས་ཆེན་དུ་བཅར་འདྲི་དང་གནས་ཚུལ་སྤེལ་བར་ཡོང་བའི་ཀྲུང་ཕྱིའི་གསར་འགོད་པར་ཐུགས་བརྩེ་ཟབ་མོས་དགའ་བསུ་ཞུས་པ་རེད།

    ཚོགས་ཆེན་གྱི་མངགས་བཅོལ་ལྟར་ཐུའོ་ཀྲེན་གྱིས་ཀྲུང་ཕྱིའི་གསར་འགོད་པར་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སྐབས་སུ་ཚོགས་པའི་ཤིན་ཏུ་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་སྟོན་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་བྱེད་པ། འདས་ཟིན་པའི་ལོ་5ཡི་རིང་གི་ལས་དོན་ཕྱོགས་སྡོམ་ནན་ཏན་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རྩ་ཆེའི་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཚུལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱེད་པ། མིག་སྔའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། དུས་རབས་ཀྱི་བླང་བྱ་དང་འཚམ་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་མཛད་ཕྱོགས་སྲིད་ཇུས་བཟོ་བ་བཅས་བྱས་ཏེ་འཐབ་ཇུས་ཀྱི་སྤྱི་ཡོངས་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་འཆར་གཞི་བཀོད་པ་དང་བཀོད་སྒྲིག་བྱས་ཡོད་ཅེས་གསུངས་པ་རེད།

    ཐུའོ་ཀྲེན་གྱིས་ན་ནིང་ཟླ་10པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག“ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད”བཏོན་རྗེས་ཏང་ཀྲུང་དབྱང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་འཆར་ཟིན་ཚོགས་ཆུང་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཙུའུ་ཀྲང་གི་འགན་བཞེས་པ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་ཞུགས་པ། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐད་ཀའི་འགོ་ཁྲིད་འོག་ལས་དོན་སྤེལ་ཡོད། རྟོག་ཞིབ་གྲུབ་འབྲས་དེ་དག་ལས་སྙན་སྒྲོན་གྱི་འཆར་ཟིན་འགོད་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། ཟླ་7ཚེས་26ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གསུང་བཤད་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་རྒྱས་གླེང་གཏིང་ཟབ་གནང་བ་མ་ཟད། སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན་བཅས་ཀྱི་བྱ་སྤྱོད་རྩ་འཛིན་འདོན་ཐུབ་མིན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་དང་འབྲེལ་བ་ཡོད་པའི་ནན་བཤད་གནང་བ་རེད། སྔ་ཕྱི་བར་གསུམ་དུ་དམངས་གཙོའི་དགོངས་དོན་ཁྱབ་པར་བྱས་ཡོད། སྙན་སྒྲོན་མ་ཟིན་གྲུབ་རྗེས་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུས་པ་དང་བསམ་འཆར་བསྡུས་པའི་མི་གྲངས་ཁྱོན་4700ལྷག་ཙམ་ཟིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་ཐེངས་6གཙོ་སྐྱོང་གནང་ནས་ཐད་ཀར་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་གསན་ཡོད། འཆར་ཟིན་འགོད་མཁན་ཚོགས་ཆུང་གིས་ད་དུང་བློ་མཐུན་རྒན་གྲས་ཁག་གཅིག་གི་བསམ་འཆར་ཉན་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ད་དུང་ཆེད་མངགས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་མི་སྣ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་བསམ་འཆར་ཉན་པ་དང་བསམ་འཆར་མང་པོ་ཞིག་དང་ལེན་བྱས་ཡོད། ཟླ་10ཚེས་11ཉིན་ནས་14ཉིན་བར་འཚོགས་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་མ་ཟིན་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་མ་ཟིན་ལ་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞིབ་དཔྱད་བྱ་རྒྱུར་དངོས་སུ་འབུལ་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་གསུངས་པ་རེད།

    ཐུའོ་ཀྲེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ད་དུང་ལས་འགན་གལ་ཆེན་ཞིག་ཡོད་པ་དེ་ནི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུ་དེ་ཡིན། འདི་ལོའི་ཟླ་དང་པོར་ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲོས་འགོར་བསམ་འཆར་བསྡུ་ལེན་བྱེད་རིང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཕེལ་རྒྱས་དང་། དུས་བབ་ལས་འགན་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ཏེ་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་དགོས་པའི་གྲོས་འགོ་རྒྱ་ཁྱབ་ངང་བཏོན་ཡོད་ཅེས་གསུངས་པ་རེད། འདི་ལོའི་ཟླ་6པར་ཀྲུང་དབྱང་གིས་བརྡ་ཐོ་བཏང་སྟེ། ཏང་གི་སྒྲིག་ཡིག་བཟོ་བཅོས་ལས་དོན་ཐད་ས་ཁུལ་ཁག་དང་སྡེ་ཚན་ཁག་ནས་བསམ་འཆར་བསྡུས་ཡོད། ཕྱོགས་ཁག་གི་བསམ་འཆར་ཕྱོགས་བསྡུས་བྱས་པའི་རྨང་གཞིའི་འོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུའི་ཞིབ་འཇུག་གཏན་འཁེལ་བྱས་པ་དང་། ད་རེས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པའི་ལས་དོན་སྤེལ་རིང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཏན་ལ་འཁེལ་བའི་རིགས་པའི་གཞུང་ལུགས་གལ་ཆེན་གྱི་ལྟ་བ་དང་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ཏང་གི་སྒྲིག་ཡིག་ནང་བཅུག་སྟེ་ཏང་གི་སྒྲིག་ཡིག་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་གང་ལེགས་མངོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་གང་ལེགས་མངོན་པ། ཏང་གི་འགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་ཉམས་མྱོང་གསར་པ་གང་ལེགས་མངོན་པ་བཅས་བྱས་ཏེ་དུས་བབ་གསར་པ་དང་ལས་འགན་གསར་པས་ཏང་གི་བྱ་གཞག་དང་ཏང་འཛུགས་སྐྱོང་ཐད་བཏོན་པའི་བླང་བྱ་གསར་པ་དང་འཚམ་པ་བྱས་ཡོད། ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱས་པའི་རྨང་གཞིའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་གྲུབ་ཡོད་ཅེས་གསུངས་པ་རེད།

    ཐུའོ་ཀྲེན་གྱིས་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཀའི་སྙན་སེང་ཐེངས་མང་གསན་པ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་བ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཆེད་མངགས་ཞིབ་འཇུག་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། འཐུས་མི་2280ཡི་ཐོབ་ཐང་གོ་ཆོད་པའི་གཏན་འཁེལ་བྱས་ཤིང་། ཁོང་ཚོས་གཞི་རིམ་ཏང་རྩ་འཛུགས་ཁྲི་450ལྷག་ཙམ་དང་ཏང་ཡོན་ཁྲི་8900ལྷག་ཙམ་གྱི་ཚབ་ཞུས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་རྒྱུ་ཡིན་པ་རེད། བདམས་ཐོན་བྱུང་བའི་འཐུས་མི་ཚོར་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཆ་རྐྱེན་འཛོམས་ལ། ཁོང་ཚོ་ནི་ཕྱོགས་གང་ས་ནས་ཡོང་བ་དང་གྲུབ་ཆ་དང་ཁྱབ་ཚུལ་ལུགས་མཐུན་བྱུང་ཡོད་པས་རྒྱ་ཁྱབ་ཀྱི་འཐུས་མིའི་རང་བཞིན་ལྡན་ཡོད། རྒྱུན་སྲོལ་ལྟར་ན། ཀྲུང་དབྱང་གིས་ད་དུང་འགོ་ཁྲིད་ལས་གནས་ཐོག་ནས་ཕྱིར་འཐེན་བྱས་པའི་ཏང་ཡོན་རྒན་གྲས་ཁག་གཅིག་དམིགས་བསལ་གདན་ཞུས་འཐུས་མི་ཡིན་པའི་ངོས་ནས་ཚོགས་ཆེན་ལ་ཞུགས་རྒྱུའི་གཏན་འཁེལ་ཡང་གནང་ཡོད་ཅེས་གསུངས་པ་རེད།

    ཐུའོ་ཀྲེན་གྱིས་ཏང་གི་སྒྲིག་ཡིག་ལྟར་ན། ཚོགས་ཆེན་བཅུ་དགུ་པའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ་ཡིན་པ་དང་། འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་ཆེད། ཏང་ཀྲུང་དབྱང་གིས་ཆེད་མངགས་ལས་དོན་ཚན་ཁག་བཙུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གནང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་འོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་འོས་སྦྱོར་དང་། རྟོག་ཞིབ། མིང་འདོན་བཅས་ཀྱི་ལས་དོན་སྒྲུབ་འགན་བཞེས་རྒྱུ་རེད། དེའི་རྨང་གཞི་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་གྲོས་བསྡུར་གནང་བ་བརྒྱུད། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་བདམ་བྱའི་འོས་མི་གྲ་སྒྲིག་འོས་མིའི་གྲོས་འགོའི་མཚན་ཐོ་བཏོན་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཐུའོ་ཀྲེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་སྒྲིག་གཞི་འདེམས་བསྐོ་བྱ་རྒྱུ་ཡིན་པ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གྲོལ་རྗེས་སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུས་ཀྲུང་ཕྱིའི་གསར་འགོད་པ་དང་ཐུགས་འཕྲད་གནང་རྒྱུ་རེད་ཅེས་གསུངས་པ་རེད།

    ཐུའོ་ཀྲེན་གྱིས་ད་དུང་ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་སྐྱོན་པ་རེད།

    ད་ཐེངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཚོགས་ཆེན་གྱི་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རེན་ཧུའུ་ཞའོ་ཧན་གྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་ཕྱིའི་གསར་འགོད་པ་700ཙམ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།