[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཙང་གསུམ་ཆུ་བོའི་ངོགས་ཀྱི་སྐྱིད་པའི་གླུ་སྒྲ་ལྷང་ལྷང་།

    ​ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-13

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས“བཟོ་ལས་སྟོབས་ཆེ་རུ་བཏང་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་། ཕྱོགས་གཉིས་ལ་སྐུལ་འདེད། རྟེན་གཞི་གསར་སྐྲུན། ཤར་ནུབ་ལྷོ་གསུམ་མཉམ་འདྲེས། མཐུན་སྦྱོར་འཕེལ་རྒྱས། རྨང་གཞི་གསུམ་བརྟན་གཏོང”བཅས་བྱས་ཏེ་འབྱོར་ཕྱུག་དང་། ཞི་མཐུན། ཤེས་དཔལ་བཅས་ཀྱི་ཆབ་མདོ་སྐྲུན་པའི་འཕེལ་རྒྱས་འཐབ་ཇུས་ལ་གཞིགས་ནས་གོ་སྐབས་དམ་འཛིན་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། གསར་འབྱེད་གསར་གཏོད་བཅས་བྱས་པས་དམིགས་ཚད་ལས་འགན་ཁག་གྲུབ་འབྲས་ཐོན་པའི་ངང་ལེགས་གྲུབ་བྱུང་བ་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོགས་པོ་བཅས་འཕེལ་རྒྱས་བྱུང་ལ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ་རེད།

    ལོ་ལྔའི་རིང་། ཆབ་མདོ་གྲོང་ཁྱེར་གྱིས“ཀུན་ཚང་བརྒྱད”ཀྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས“གསོ་སྤེལ་ཆེན་པོ་ལྔ”དང“འདེབས་འཛུགས་ཆེན་པོ་བདུན”གྱི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས། 2016ལོར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་བྱེད་ཚད་42%ཟིན་པ་དང་། ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་37.1ཟིན་ནས་ལོ་རེར་ཆ་སྙོམས་7.6%འཕར་བ། ཆེད་ལས་མཉམ་ལས་རྩ་འཛུགས་180ཟིན་ནས་ལོ་རེར་ཆ་སྙོམས་42%འཕར་བ་བཅས་རེད།

    འདི་ལོའི་ལོ་འགོར་ཆབ་མདོས་སླར་ཡང་ཐོན་ལས་འཕེལ་རྒྱས་ཀྱི“མིང་བྱང་རྩེ་གྲ”སྟེ། “དྲི་མེད་དྭངས་གཙང་གི་ཨ་སྔོན”ཞེས་པ་བཏོད་པ་དང་། དེ་ནི་ཆབ་མདོ་གྲོང་ཁྱེར་གྱིས་དཔལ་འབྱོར་གྲུབ་ཆ་བཟང་སྒྲིག་དང་། དེང་དུས་ཞིང་འབྲོག་ལས་ཀྱི་དཔེ་སྟོན་ཁུལ་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཁུལ་འཛུཌ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་དང་ཞིང་འབྲོག་མང་ཚོཌ་ཀྱི་འབབ་འཕར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་པའི་ཆེད་དུ་བཏོན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་309ལྷག་ཙམ་བསྡུ་སྒྲིལ་བྱས་ནས་དམངས་འཚོའི་རྣམ་གྲངས་སྣ་ཚོགས་3315འཛུགས་སྐྲུན་བྱས་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ནང་སློབ་གྲྭར་ཞུགས་ཚད་97.08%ཟིན་པ། རིམ་རྩིས་བརྒྱབ་ན། ལས་ཞུགས་ལས་གནས་25907གསར་སྤེལ་བྱས་པར་མི་ཐེངས་27900གསར་དུ་ལས་ཞུགས་ཐུབ་པ་བཅས་རེད།

    ལོ་ལྔའི་རིང་། ཆབ་མདོ་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་སུ་བརྩིས་ནས་དཔུང་ཁག་ལ་དམ་འཛིན་ཡག་པོ་དང་། ཚན་ཁག་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་རུ་གཏོང་བ། ཤེས་ལྡན་པ་གཅིག་སྡུད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་ཐོག “ཆབ་མདོའི་རྣམ་པ་གསར་པ་དྲུག”གཏོད་རྒྱུར་སྐུལ་འདེད་གཏོང་ཆེད། རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། དེ་ཡང་2016ལོའི་ཟླ་11བར། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་སྐྲུན་པའི་ཐད་ཁྱོན་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་240གཏན་འཁེལ་བྱས་པ་དང་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་དང་། བོད་ཁྱིམ་སྤྲོ་སྐྱིད་ཁང་། ངལ་ནུས་ཕྱིར་གཏོང་། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་ལས་སྣོན་སོགས་ཀྱི་འཕེལ་རྒྱས་ཐབས་ལམ་ཁྱོན་2437བཙལ་ནས་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་173འཕེལ་རྒྱས་བཏང་བ་རེད།

    ཉེ་བའི་ལོ་ཤས་ནང་། ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་འདོམས་འཆར་འགོད་དང་སྤྱི་འདོམས་དོན་འཁྱོལ་བྱས་ནས་བློ་བརྟན་འགྱུར་མེད་ངང་གྲུབ་ཆ་ལེགས་སྒྲིག་དང་། སྒྱུར་བཅོས་ལ་སྐུལ་གཏོང་། སྣོད་བཅུད་ལེགས་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་བྱས་པས་ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་མཉམ་གནས་དང་ཕན་ཚུན་མཉམ་འདྲེས་སྐུལ་གཏོང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    གྲོང་ཁྱེར་ཡོངས་སུ་ནགས་ཚལ་ཁྱབ་ཚད་34.78%ཟིན་པ་དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.61ཟིན་པ་དང་། འདམ་ར་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་8.47ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་0.78%ཟིན་པ་དང་འདམ་རར་སྲུང་སྐྱོང་བྱེད་ཚད་72%ཟིན་པ། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པའི་ཡུན་ནན་སྤྲེལ་ཁྲ་800ལྷག་ཙམ་ཟིན་པ་དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཤྭ་བ་སེར་ཆེན་2005ལོའི་5000ལྷག་ཙམ་ནས་ད་ཆའི་8000ཙམ་བར་མང་དུ་ཕྱིན་ནས་གཙང་གསུམ་ཆུ་བོ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་བོད་ཤར་རྒྱུད་ཀྱི་ས་མཐོའི་རྩྭ་དང་རྩི་ཤིང་རེ་རེ་བཞིན་དེ་བས་སྔོ་ཐིང་ངེར་གྱུར་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་འོག ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁྱེར་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་གི་རིམ་གསུམ་སྨན་ཁང་སྐྲུན་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་338ཟིན་ནས་སྨན་རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་སྤྱི་པའི་སྨན་བཅོས་འགན་ལེན་ལམ་ལུགས་ཡོངས་སུ་ཁྱབ་ཐུབ་སྟེ་ཞིང་འབྲོག་པ་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།