[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཇོ་མོ་གླང་མའི་འདབས་ཀྱི་གནས་སྐབས་ཏང་ཀྲི་པུའུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    ཟླ་9པའི་ཟླ་སྨད་ཀྱི་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་གཤམ་དེ་ཙམ་ཆེན་པོ་མེད་པའི་གུར་ཞིག་གི་ནང་སྒྲོག་ཙེ་རིང་པོ་4བཞག་པར་མི་གྲངས་8མཐའ་འཁོར་དུ་བསྡད་ནས་ལག་ཏུ་བོད་ཡིག་གི《ཏང་གི་སྒྲིག་ཡིག》དང《ཏང་གི་གཏན་འབེབས》ཀྱི་དེབ་རེ་འཁྱེར་འདུག གལ་ཏེ་གསར་འགོད་པ་དེ་གར་གློ་བུར་དུ་བཅར་འདྲི་བྱེད་པར་སླེབས་མེད་ཚེ་སྨྱུ་གུས་ཡི་གེ་འབྲི་བའི་སྒྲ་ཙམ་ལས་གཞན་གང་ཡང་ཐོས་རྒྱུ་མེད་པར་སྙམ།

    དེ་ཡང་ལོ་ལྟར་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གི་སྲིད་འཛིན་གྲོང་ཚོ་30ཡི“ཡུལ་སྐོར་གྱི་ཡོང་འབབ”གསོག་མཁན་སྒར་ས་ཆེ་མོར་སྤོས་ནས་ཟླ་4པ་ནས་ཟླ་10པའི་བར་སྡོད་ཀྱི་ཡོད་པ་རེད།

    “ཇོ་མོ་གླང་མའི་སྒར་ས་ཆེ་མོའི་གུར་59ཡི་ནང་ཏང་ཡོན་15ཡོད། སློབ་སྦྱོང་སྒྲིག་འཛུགས་དང་ཡུལ་སྐོར་བར་ཞབས་འདེགས་སྔར་བས་ཡག་པོ་ཞུ་ཆེད། ང་ཚོས་ན་ནིང་ཟླ་9པ་ནས་བཟུང་། ཇོ་མོ་གླང་མའི་སྒར་ས་ཆེ་མོའི་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་ཡིན”ཞེས་གནས་སྐབས་ཏང་ཀྲི་པུའི་འགན་འཁུར་བ་ངག་དབང་འཇིགས་མེད་ཀྱིས་བརྗོད།

    ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནི་འཛམ་གླིང་གི་ཡུལ་སྐོར་བར་ཀྲུང་གོའི་གཟུགས་བརྙན་སྟོན་པའི་སྐར་ཁུང་ལྟ་བུ་ཡིན་པ་དང་། གནས་སྐབས་ཏང་ཀྲི་པུའུ་ཡང་ཇོ་མོ་གླང་མའི་འདབས་སུ་བཙུགས་པས་དོན་སྙིང་དང་འགན་འཁྲི་མི་འདྲ་བ་ཞིག་ཡོད།

    “གནས་སྐབས་ཏང་ཀྲི་པུའུ་ཡོད་པ་ནས་བཟུང་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་འོག་ཏུ་གད་སྙིགས་སྤུ་ཙམ་དང་མ་རབས་ཀྱི་སྤྱོད་ངན་གང་ཡང་མཐོང་རྒྱུ་མེད”ཅེས“ཇོ་མོ་གླང་མའི་སྦྲག་ལས་ཅུས”ཀྱི་མྱུར་སྐྱེལ་བ་མཚོ་མོས་གསར་འགོད་པར་བཤད་ཅིང་། ཁོང་གིས་ཁ་བ་བུ་ཡུག་འཚུབ་རུང་གནས་སྐབས་ཏང་ཀྲི་པུའི་ཁོངས་མིས་སྣེ་ཁྲིད་ནས་གཙང་སྦྲ་དང་སྐོར་གཡེང་དོ་དམ་ལ་ཤུགས་སྣོན་བརྒྱབ་པས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་འོག་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད་ཅེས་བཤད།

    ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་སྒར་ས་ཆེ་མོར་ཞག་སྡོད་དང་། ཁ་ལག་ཟ་བ། དྲན་རྟེན་དངོས་པོ་ཉོ་བ་བཅས་བྱེད་ཀྱི་ཡོད། “སྔོན་ཆད་ཟོག་གོང་ཧོབ་སྤར་དང་བཙན་ཉོ་བཙན་འཚོང་སོགས་མ་རབས་ཀྱི་སྣང་ཚུལ་མཚམས་རེ་ཐོན་རྒྱུ་ཡོད་ཀྱང་དྲང་སྙོམས་ཡོང་ཆེད་གནས་སྐབས་ཏང་ཀྲི་པུས་རིན་གོང་གཅིག་གྱུར་བཟོས་པ་མ་ཟད། ད་དུང་ང་ཚོའི་གུར་ནང་ཕེབས་ནས་ཡ་རབས་ངང་ཚོང་གཉེར་ཇི་ལྟར་བྱེད་དགོས་ལུགས་སྒྲོག་འགྲེལ་བྱས་བྱུང”ཞེས་ཚོང་པ་བསྟན་འཛིན་འོད་ཟེར་གྱིས་འགྱུར་ལྡོག་དེར་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་བརྗོད།

    ཀྲི་པུའུ་ཡི་ཚོགས་འདུ་འཚོགས་པ་དང་ཚོང་པས་གཏན་འབེབས་ལྟར་ཚོང་གཉེར་བྱེད་ཀྱི་ཡོད་མེད་ལ་ཞིབ་བཤེར་སོགས་ཀྱི་ལས་ཀ་ཀྲི་པུའི་ཏང་ཡོན་རྣམས་ཀྱིས་ཉིན་ལྟར་དེ་ལྟར་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅིང་། ཏང་ཡོན་15ཚང་མ་ནི་ཆེས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཡིན་ལ་རིག་གནས་ཀྱི་རྨང་གཞི་ཞན་ཁར་ནམ་རྒྱུན་རང་ཁྱིམ་གྱི་ཚོང་ཡང་རྒྱག་དགོས་པས། སློབ་སྦྱོང་གི་དུས་ཚོད་ནི་ཁོམ་པ་ཡོད་མེད་ལ་བལྟ་དགོས་ཀྱི་ཡོད།

    “དུས་ཡུན་ངེས་ཅན་རིང་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱས་པར་བརྟེན་ནས་ཏང་ཡོན་ལས་བྱེད་པས་ཅི་ཞིག་སྒྲུབ་འོས་པ་དང་གང་ཞིག་སྒྲུབ་མི་རུང་བ་ངས་ཤེས་བྱུང་། ངས་ད་དུང་སྦྱངས་པའི་ཤེས་བྱ་ཁྱིམ་མི་དང་གྲོགས་པོ་རྣམས་ལ་བཤད་ནས་ཁོ་ཚོའི་གཏམ་སྤྱོད་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད”ཅེས་ཤར་བྱུང་གྲོང་ཚོའི་ཏང་ཡོན་སྐལ་བཟང་གིས་དེ་ལྟར་བཤད།

    སྒར་ས་ཆེ་མོའི་ཏང་ཀྲི་པུས་མིག་དཔེ་བཏོན་པས་ཇོ་མོ་གླང་མའི་འདབས་ཀྱི་གང་སར་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཁྱབ་ཡོད།

    གང་དུ་དགོས་མཁོ་ཡོད་ན་དེ་གར་གནས་སྐབས་ཏང་ཀྲི་པུའུ་ཡོད།

    ཉེ་ཆར། ཧུའུ་ནན་གྱི་ཡུལ་སྐོར་བ་ཞིག་གིས་སྒར་ས་ཆེ་མོར་ཞག་སྡོད་བྱེད་སྐབས་ཆམ་པ་བརྒྱབ་ནས་ཚ་བ་རྒྱས་པ་དང་ལ་དུག་ཤུགས་ཆེན་ཕོག་པས་གྲོང་ཚོའི་སྨན་པ་དོན་གྲུབ་ཀྱིས་སྨན་བཅོས་གང་ཐུབ་བྱས་རྗེས་མཚན་མོ་དེ་རང་ལ་འགྲུལ་པ་དེ་བཀྲ་ཤིས་འཛོམས་ཤང་གི་སྨན་ཁང་དུ་བསྐྱལ་བས་དུས་ཐོག་ཏུ་སྨན་བཅོས་ཐུབ་ཡོད།

    དོན་གྲུབ་ཁྱིམ་གྱི་གུར་ནང་སྨན་གྱིས་ཁེངས་པའི་ལྕགས་སྒམ་ཆེན་པོ་ཞིག་ཡོད་པ་གསར་འགོད་པས་མཐོང་བྱུང་། “འདིའི་ནང་བླུགས་པ་ནི་ཁྱིམ་ཚང་གི་རྒྱུན་མཁོའི་སྨན་ཡིན། གཙོ་བོ་ཆམ་ནད་དང་ཚ་བ་རྒྱག་པ། བཤུད་རྨས་སོགས་བཅོས་བྱེད་ཡིན་པ་དང་། ཡུལ་སྐོར་བར་སྨན་སྦྱིན་གཏོང་ཡོད”ཅེས་དོན་གྲུབ་ཀྱིས་བཤད།

    ཡིད་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ཉན་པ་དང་གཞུང་དྲང་བབ་ཆགས་ཀྱི་འཛུམ་མདངས་རེ་རེ་མཐོང་རིམ་བཞིན་གསར་འགོད་པའི་སེམས་པ་གནོན་མི་ཐུབ་པར་མོས་གུས་ངང་གིས་སྐྱེས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།