[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཐའེ་དབན་སློབ་གྲྭར་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-10

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་ཀྱི“ཐང་གའི་སྒྱུ་རྩལ་ལ་དབྱེ་ཞིབ་རགས་ཙམ་བྱེད་པའི་འཆད་ཁྲིད”ཐའེ་དབན་སྒྱུ་རྩལ་སློབ་ཆེན་དུ་བྱས་པས་དགེ་སློབ་བརྒྱ་ལྷག་ཙམ་དང་དེ་བཞིན་སྒྱུ་རྩལ་ལས་རིགས་ཀྱི་མི་སྣས་སྤེལ་རེས་བྱ་རྒྱུར་ཡིད་དབང་བཀུག་ཡོད།

    འདི་ནི“གངས་ལྗོངས་འཇའ་ཚོན། བོད་ལྗོངས་རིག་གནས་ཐའེ་དབན་སློབ་སྐྱོད་བྱ་སྤྱོད”ཀྱི་རིམ་སྤེལ་རིག་གནས་བྱེད་སྒོའི་གྲས་ཤིག་རེད། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ནས་ཡིན་པའི་བོད་རིགས་ཀྱི་མཁས་དབང་གཉིས་ཀྱིས་ཡིག་རིས་གཉིས་ཀྱི་ཐོག་ནས་ཐང་གའི་སྒྱུ་རྩལ་གྱི་འབྱུང་ཁུངས་དང་འཕེལ་ཕྱོགས་ངོ་སྤྲོད་བྱས།

    རྒན་པ་སངས་ཆོས་འཕེལ་གྱིས་མི་རིགས་ཀྱི་གྱོན་ཆས་ལེགས་པར་སྤྲས་ནས“བོད་ཀྱི་རི་མོའི་འབྲི་ལུགས་ཁག་དང་དེའི་དམིགས་བསལ་ཁྱད་ཆོས”ཞེས་པ་བརྗོད་དོན་དུ་བྱས་ཏེ་བོད་རིགས་ཀྱི་རི་མོའི་ཁྱད་ཆོས་གྲུབ་པའི་ལོ་རྒྱུས་རྒྱབ་ལྗོངས་དང་ཐང་གའི་འབྲི་ལུགས་གཙོ་བོ་ཆགས་ཚུལ་དང་ཁྱད་ཆོས་ངོ་སྤྲོད་བྱས།

    རྒན་བདེ་ལེགས་ཚེ་བརྟན་གྱིས་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་དབྱེ་ཞིབ་རགས་ཙམ་གནང་ཞིང་། ཁོང་གིས“ཐང་ག་སྤུས་དག་ཅིག་འབྲི་བར་དུས་ཡུན་ལོ་གསུམ་ཙམ་དགོས། ཐང་ག་ནི་འབྲི་བཞེངས་ལེགས་པོ་བྱ་རྒྱུ་དོན་གཉེར་བྱེད་པ་ལས་རྒྱུ་ནོར་དང་སྙན་གྲགས་དོན་གཉེར་བྱ་རྒྱུ་མིན་སྟབས། དེ་ནི་སྒྱུ་རྩལ་མཁས་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་ཡིན”ཞེས་བཤད།

    མཁས་དབང་གཉིས་པོ་ཡང་ཐང་གའི་ལྷ་འབྲི་བ་ཡིན་ཞིང་། ཁོང་རྣམ་གཉིས་ཀྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་བྱས་སྟབས་སྐྱེ་བོ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ནས་པར་ལེན་པར་བྲེལ།

    ཐའེ་དབན་སྒྱུ་རྩལ་སློབ་ཆེན་གྱི་ཡིག་རིས་སྒྱུ་རྩལ་ཚན་ཁག་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ལི་ཙུང་རེན་གྱིས་དགེ་རྒན་རྣམ་གཉིས་ཀྱིས་འཆད་ཁྲིད་ཡག་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་སློབ་མ་འཁྲིད་དེ་བོད་དུ་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད། དགེ་སློབ་ཚོས་རིགས་འདི་འདྲ་བའི་ངོགས་གཉིས་ཀྱི་སྒྱུ་རྩལ་སྤེལ་རེས་ཀྱི་བྱེད་སྒོ་དེ་བས་མང་བ་སྤེལ་ནས་མཐོང་རྒྱ་ཇེ་ཡངས་དང་ཕན་ཚུན་སློབ་སྦྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

    སྐུ་ཞབས་ཀྲོང་ལགས་ཀྱིས་སྔར་ནས་མཇལ་འདོད་ཆེན་པོ་ཡོད་པའི་བོད་ཀྱི་སྒྱུ་རྩལ་མཁས་ཅན་དང་ཐུག་འཕྲད་བྱ་ཆེད་ཞོགས་པ་སྔ་པོ་ནས་མེ་འཁོར་བསྡད་དེ་ཐའེ་དབན་སྒྱུ་རྩལ་སློབ་ཆེན་དུ་ཡོང་། ཁོང་གིས་རྒན་བདེ་ལེགས་ཚེ་བརྟན་གྱིས་བརྩམས་པའི《ཐང་གའི་སློབ་དེབ》ཅེས་པ་བཏོན་ནས་མཚན་རྟགས་འགོད་རྒྱུའི་རེ་བ་བཏོན། སྐུ་ཞབས་ཀྲོང་ལགས་ཀྱིས་སྐམ་ས་ནས་པར་སྐྲུན་བྱས་པའི་རི་མོའི་དེབ་འདིའི་ནང་ཐང་ག་འབྲི་བཞེངས་ཀྱི་ཚོན་རྫས་དབུར་བ་དང་བཟོ་བ་སོགས་ཀྱི་བརྒྱུད་རིམ་ཚུད་ཡོད་པས་ཕན་ཐོགས་ཧ་ཅང་ཆེན་པོ་འདུག ཐའེ་དབན་དུ་སློབ་དེབ་འདི་བྲིན་ཁ་རྒྱུག་པོ་བྱུང་ཡོད་ཅེས་བཤད།

    སྐུ་ཞབས་ཀྲོང་ལགས་ཀྱིས“ཐའེ་དབན་དུ་བོད་ནས་ཡོང་བའི་སྒྱུ་རྩལ་མཁས་ཅན་དང་ངོ་འཕྲད་ངང་སྤེལ་རེས་བྱ་རྒྱུ་ལས་སླ་པོ་མ་རེད། ད་རེས་སྤེལ་རེས་ཐེངས་ཤིག་བྱ་རྒྱུ་བྱུང་བར་ང་རང་བློ་ཡིད་ཚིམ་པོ་བྱུང”ཞེས་བཤད།

    བདེ་ལེགས་ཚེ་བརྟན་གྱིས“ཁྱེད་རྣམས་བོད་དུ་ཕེབས་པར་དགའ་བསུ་ཞུ”ཞེས་ཤོད་ཀྱིན་ཐའེ་དབན་གྱི་གྲོགས་པོ་ཚོ་དང་ཕན་ཚུན་ཁ་པར་ཨང་གྲངས་འཇོག་རེས་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོ་འདི་ནི་བོད་ཀྱི་རིག་གནས་བརྗོད་དོན་དུ་བྱས་ནས་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་ཐང་གའི་རི་མོའི་སྒྱུ་རྩལ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་པའི་བོད་ཀྱི་ལྷ་མོ་འགྲེམས་འཁྲབ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།