[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ​ ལྷག་བསམ་ཟོལ་མེད་ངང་གཅེས་སེམས་ཀྱི་དམ་བཅའ་བརྟན་པོར་བསྲུངས།

    ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གི་དགེ་རྒན་པ་སྒྲོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    པ་སྒྲོན་ནི་བོད་ལྗོངས་སློབ་ཆེན་རྩིས་ལུགས་ཚན་ཁག་ནས་ཐོན་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་རེད།

    “ང་རང་ཉིད་ཀྱི་ལས་ཀར་དགའ་པོ་ཡོད། སློབ་ཕྲུག་དང་མཉམ་དུ་སྡོད་རྒྱུ་བྱུང་ན་སྐྱིད་པོ་འདུག དཔེ་ཁྲིད་མི་སྐྱོང་གི་བྱ་གཞག་དེ་ནི་ཧ་ཅང་ངོ་མཚར་ཆེ་ལ་རང་ཉིད་ལ་དྲན་གསོ་བྱེད་རིན་ཆེན་པོ་འདུག”ཅེས་པ་སྒྲོན་གྱིས་རང་ཉིད་ཀྱི་མེ་ཚེའི་ལམ་བུར་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།

    ཁོང་གིས་རང་ནུས་ཡོད་རྒུས་མིང་དོན་མཚུངས་པའི་དགེ་རྒན་ཞིག་བྱེད་པ།

    མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ལས་ཀ་ཡག་པོ་སྒྲུབ་མིན་ལས་སྒོའི་ཐོག་ནས་ཐད་ཀར་མངོན་ཐུབ། དངོས་ལུགས་དགེ་རྒན་ཡིན་པའི་པ་སྒྲོན་ལ་བསམ་བློར་གནོན་ཤུགས་ཆེན་པོ་ཡོད་ལ། འགན་འཁྲི་ཡང་ཧ་ཅང་ལྕི་པོ་ཡོད།

    སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་མང་ཆེ་བ་ཞིང་འབྲོག་ཁུལ་ནས་ཡིན་སྟབས། སློབ་ཕྲུག་དེ་དག་གི་རྨང་གཞི་ཞན་ལ་རྒྱ་ཡིག་གི་ཆུ་ཚད་ཀྱང་ཞན་པ་སོགས་ཀྱི་རྐྱེན་པས་དངོས་ཁམས་ཀྱི་སྦྱངས་འབྲས་ཡག་པོ་གཏན་ནས་མེད། སློབ་གྲྭའི་དངོས་ལུགས་དགེ་རྒན་ཞིག་གིས་འཛིན་གྲྭ་གསུམ་གྱི་སློབ་ཕྲུག་140ལྷག་ཙམ་གྱི་སློབ་ཁྲིད་ལས་འགན་འཁུར་དགོས་ཀྱི་ཡོད།

    སྤྲོ་སྣང་ནི་དགེ་རྒན་བཟང་ཤོས་ཤིག་ཡིན། གནད་དོན་དེར་དམིགས་ནས་2004ལོར་པ་སྒྲོན་གྱིས་སློབ་གྲྭའི་རྒྱབ་སྐྱོར་འོག་དང་རང་ཉིད་ཀྱི་གླ་ཕོགས་ཁྲོད་ནས་དངུལ་ཉུང་ཤས་བཏོན་ཏེ“དངོས་ཁམས་ཀྱི་སློབ་སྐུལ་བྱ་དགའི་དངུལ”གྱི་རྣམ་གྲངས་བཙུགས་ཏེ་དངོས་ཁམས་ཀྱི་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་ཕྲུག་ལ་བྱ་དགའ་སྤྲོད་ཀྱི་ཡོད། ལས་དོན་དེ་ད་བར་མཚམས་ཆད་མེད། གཟི་བརྗིད་བརྩོན་ལེན་གྱི་ལྕག་སྐུལ་འོག་སློབ་ཕྲུག་མི་ཉུང་བ་ཞིག་གི་བརྩོན་སེམས་ཆེ་རུ་ཕྱིན་ནས་དངོས་ལུགས་ཀྱི་སྦྱངས་འབྲས་ཉིན་བཞིན་ཡར་རྒྱས་འགྲོ་བཞིན་ཡོད།

    ཁོང་གིས་ཕ་མ་ལྟར་གྱི་བྱམས་སེམས་ལ་བརྟེན་ནས་སློབ་ཕྲུག་གི་རེ་བའི་ཞིང་ས་བརླན་པར་བྱས།

    སློབ་མའི་མིག་ནང་པ་སྒྲོན་ནི་ཧ་ཅང་ནན་པའི་དགེ་རྒན་དང་། ཉེ་གྲོགས། རོགས་ཟླ་བཅས་རེད་ལ། ཐ་ན་ཨ་མ་ཞིག་ཀྱང་རེད།

    ཁོང་གིས་སློབ་ཁྲིད་བྱེད་མྱོང་ཡོད་པའི་རྡོ་རྗེ་གཞོན་པ་ཟེར་བའི་སློབ་ཕྲུག་ཅིག་ཡོད། དགོང་མོའི་སློབ་ཚན་མ་འཚོག་གོང་ཁོ་པ་གློ་བུར་དུ་གཟུགས་པོ་མི་བདེ་བར་གྱུར། པ་སྒྲོན་གྱིས་རྡོ་རྗེ་འཁྲིད་ནས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད། སྨན་པས་སྐྱག་གཅིན་ལ་བརྟག་དཔྱད་བྱེད་དགོས་ཞེས་བརྗོད་སྐབས་རྡོ་རྗེས་འཚེར་སྣང་ཆེན་པོ་བྱེད་ཀྱི་ཡོད། པ་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་རྡོ་རྗེར“དགེ་རྒན་ནི་ཕ་མ་དང་ཆ་རེད། ངོ་ཚ་དགོས་མ་རེད། བྱ་བ་འདི་ང་གཉིས་མ་གཏོགས་ཤེས་མཁན་ཡོག་མ་རེད”ཅེས་བཤད་རྗེས་རྡོ་རྗེས་གཞི་ནས་སྐྱག་གཅིན་གྱི་བརྟག་དཔྱད་བྱ་རྒྱུའི་ཁས་བླངས།

    “ལས་ཀ་དཀྱུས་མ་ཞིག་ཡག་པོ་སྒྲུབ་མཁན་ནི་མི་དཀྱུས་མ་ཞིག་མིན། བྱ་བ་སྟབས་བདེ་ཞིག་ཡག་པོ་བསྒྲུབ་རྒྱུ་ནི་ལས་སླ་པོ་མེད”ཅེས་པ་ནི་པ་སྒྲོན་གྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད།

    ཁོང་གིས་རང་དཔེ་གཞན་སྟོན་གྱིས་གནོང་འགྱོད་སྤུ་ཙམ་ཡང་མེད་པར་སློབ་གསོར་མཐའ་དག་ལེགས་སྐྱེས་ཕུལ་བ།

    སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་དུ་ལས་འགན་ཧུར་ཐག་སྒྲུབ་པ་དང་ཁེངས་སྐྱུང་ལྡན་ལ་ཡར་རྒྱས་བརྩོན་ལེན་གྱི་བསམ་པ་ལྡན་པའི་རྒན་པ་སྒྲོན་གྱི་སྐོར་གླེང་སྐབས་ལས་རོགས་དང་སློབ་ཕྲུག་ཚོས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད།

    2012ལོ་ནས་བཟུང་པ་སྒྲོན་གྱིས་ལོ་མང་གི་སློབ་ཁྲིད་ཉམས་མྱོང་ལ་བརྟེན་ནས《དགེ་སློབ་ཀྱི་འབྲེལ་བ་བཟང་པོས་སློབ་ཁྲིད་བྱ་རྒྱུར་ཕན》ཞེས་པ་དང་། 《སློབ་འབྲིང་གི་དངོས་ལུགས་སློབ་ཚན་སློབ་ཁྲིད་ཁྲོད་ཀྱི་ཚོགས་ཆུང་གྲོས་བསྡུར་གྱིས་སློབ་མ་ཉུང་ཤས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ》《དངོས་ལུགས་སློབ་ཁྲིད་དང་ཆ་འཕྲིན་ལག་རྩལ་ཟུང་འབྲེལ་བྱེད》སོགས་དཔྱད་རྩོམ་བཞི་སྔ་རྗེས་སུ་སྤེལ་ནས་སྔོན་ཆད་དགེ་རྒན་གྱིས་ཁྲིད་པ་དང་སློབ་མས་ཉན་པའི་སློབ་ཁྲིད་བྱེད་ཐབས་རྙིང་པར་འགྱུར་ལྡོག་བྱུང་སྟེ་སློབ་གྲྭའི་དགེ་སློབ་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད།

    དཀའ་བ་སྤྱད་ན་འབྲས་བཟང་ཐོབ་ངེས་རེད། པ་སྒྲོན་གྱི་འབད་བརྩོན་འོག་ཁོང་གིས་སློབ་ཚན་ཁྲིད་མྱོང་བའི་འཛིན་གྲྭ་རྟག་ཏུ་ཚོད་རྒྱུགས་ཁྲོད་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཀྱི་ཡོད། ཁོང་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”དང“ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན”“ལྷ་ས་གྲོང་ཁྱེར་གྱི་ལི་ཧྲི་སློབ་གསོའི་མི་སྒེར་གྱི་གྲུབ་འབྲས་གཟེངས་ཐོན་བྱ་དགའ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་སྔ་རྗེས་སུ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།