[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་སའི་ཞོ་སྟོན་ཟླ་8ཚེས་21ཉིན་འགོ་ཚུགས་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ཟླ་8ཚེས་10ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་21ནས་27ཉིན་བར་ལྷ་སར་སྤེལ་རྒྱུ་ཡིན་པ་དང་། འགོ་ཚུགས་མཛད་སྒོ་ཟླ་8ཚེས་21ཉིན་གྱི་དགོང་མོར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་གྱི་ལན་ཆིའུ་སྤོ་ལོ་ཁང་དུ་གཉེར་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་21ཉིན་གྱི་སྔ་དྲོར་འབྲས་སྤུངས་དང་སེ་ར་དགོན་དུ་གོས་སྐུ་འགྲེམས་པའི་བྱེད་སྒོ་སྤེལ་རྒྱུ་དང་། ཟླ་8ཚེས་21ཉིན་གྱི་ཕྱི་དྲོར་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་ཚོགས་འདུ་འཚོག་རྒྱུ་ཡིན་པ། ཟླ་8ཚེས་23ཉིན་གྱི་སྔ་དྲོར་ལྷ་ས་གྲོང་ཁྱེར་བྱང་འདབས་རྟ་རྒྱུག་ཐང་དུ་མི་རིགས་གྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱ་རྒྱུ་ཡིན་པ། ཟླ་8ཚེས་20ནས་25ཉིན་བར་འདམ་གཞུང་གནམ་མཚོའི་འགྲམ་དུ་རྐང་ཐང་མར་གནམ་མཚོར་སྐྱོད་པའི་ཚོགས་ཆེན་འཚོག་རྒྱུ་ཡིན་པ། ཟླ་8ཚེས་21ནས་27ཉིན་བར་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ“སྐབས་དྲུག་པའི་ལྷ་མོ་འཁྲབ་སྟོན”གྱི་ཆེད་དོན་འཁྲབ་སྟོན་བྱ་རྒྱུ་ཡིན་པ། ཟླ་7ཚེས་26ཉིན་ནས་ཟླ་8ཚེས་26ཉིན་བར་བོད་ལྗོངས་གཡག་རྟེན་རྫས་གླིང་དུ་ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གི་པར་ལེན་མཉམ་འབྲེལ་འགྲེམས་སྟོན་བྱ་རྒྱུ་ཡིན་པ། ཟླ་8ཚེས་20ནས་27ཉིན་བར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་གྲགས་ཅན་ཚོང་ཟོག་ཚོང་འདུས་སྤེལ་རྒྱུ་ཡིན་པ། ཟླ་8ཚེས་22ནས28ཉིན་བར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ཞོ་དང་། སྦི་རག ཟས་ཞིམ། རོལ་དབྱངས་བཅས་ཀྱི་གཟའ་འཁོར་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།