[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གངས་ལྗོངས་ཀྱི་མཐའ་མཚམས་སུ་ཏང་དར་ལྷབ་ལྷུབ་གཡོ།

    —— སྤུ་ཧྲེང་རྫོང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ གསར་འགོད་པ། དབུན་ཁའེ་དང་། བཀྲ་ཤིས་དཔལ་ལྡན། དོན་གྲུབ། དཔལ་མཆོག བསོད་དབང་།    |    སྤེལ་དུས།   2017-08-12

    ཀུན་གྱིས་རི་ཆུ་མཛེས་ལ་མི་རྣམས་དེ་བས་བཟང་བའི་སྤུ་ཧྲེང་ལ་བསྟོད་པའི་བསྔགས་པ་ཕུལ་བར་བྱེད།

    འདི་གར་གནས་རི་དང་གནས་མཚོ་ཡོད་པས་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པ་དང་། དྭངས་ཤིང་གཙང་བའི་མཁའ་རླུང་ཡོད་ལ། ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད། ལས་ལ་བརྩོན་པའི་མཐའ་མཚམས་མང་ཚོགས་དང་ཡར་རྒྱས་བརྩོན་ལེན་གྱི་ཏང་ཡོན་ལས་བྱེད་པ་ཡང་ཡོད།

    སྤུ་ཧྲེང་རྫོང་ཏང་གི་འཐུས་མི་ཚོགས་འདུ་ཐེངས་དགུ་པ་འཚོགས་ཚུན། སྤུ་ཧྲེང་རྫོང་གི་སྐབས་གསར་པའི་རྫོང་ཨུད་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ་བཅས་ཀྱི་སྤྱིའི་བཀོད་སྒྲིག་ལྟར་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དང་པོ་ཏན་ཏིག་འཁུར་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་བྱེད་པ། རྒྱུན་ཆད་མེད་པར་ཏང་གིས་རྒྱལ་ཁབ་གསུམ་འབྲེལ་མཚམས་སུ་གནས་པའི་སྤུ་ཧྲེང་རྫོང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྫོང་ཡོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    “སྤུ་ཧྲེང་གི་གདོང་ལེན་པ”བཏོད་ནས་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།

    འདི་ལོའི་ལོ་འགོར་སྤུ་ཧྲེང་རྫོང་ཨུད་ཀྱིས་མངའ་རིས་ས་ཨུད་ཀྱིས་བཀོད་སྒྲིག་བྱས་པའི“བོད་ནུབ་ཀྱི་གདོང་ལེན་པ། གསར་བརྗེའི་མངའ་རིས”ཞེས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་དང་ཟུང་འབྲེལ་གྱིས“སྤུ་ཧྲེང་གི་གདོང་ལེན་པའི”ཏང་འཛུགས་སྐྱོང་འདུ་འགོད་ལག་ལེན་བསྟར་རྒྱུ་རྫོང་ཨུད་ཀྱི“ལྔ་ལྔའི་འཐབ་ཇུས”ཀྱི་གཙོ་གནད་ལ་བརྩིས་པ་དང་སྦྲགས། ལྟེ་བའི་མཁར་རྫོང་གི་འདུ་འགོད་དང་། བྱང་ཚད་མཐོར་གཏོང་འདུ་འགོད། འཐབ་ས་འཛུགས་སྐྱོང་འདུ་འགོད། ནུས་སེམས་གཅིག་སྒྲིལ་འདུ་འགོད། རིག་གནས་སྣེ་འདྲེན་འདུ་འགོད་བཅས་ཡན་ལག་རྣམ་གྲངས་ལྔ་ཞིབ་དབྱེ་ཕྲལ་གསེད་བྱས་པ་དེ་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཕྱོགས་སྟོན་དུ་གྱུར་ཡོད།“རང་ཉིད་རྫོང་ཨུད་ཧྲུའུ་ཅིའི‘འགོ་ཁྲིད’ཆགས་ཡོང་སྙམ་པ་བསམ་པའི་ཡུལ་ལ་མ་བྱུང”ཞེས་སྤུ་ཧྲེང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་མང་ཚོགས་ཀྲི་པུའུ་དང་པོའི་ཧྲུའུ་ཅི་ལི་ཧའེ་རུང་གིས་བཤད།

    ལི་ཧའེ་རུང་ནི་རྫོང་ཨུད་གཞུང་དོན་ཁང་གི་ཏང་ཡོན་ལས་བྱེད་པ་དཀྱུས་མ་ཞིག་ཡིན་པ་དང་རྣམ་ཀུན་སེམས་རྩ་འཁོལ་ལ་ལས་ཀར་ཧུར་བརྩོན་ཆེ་བས། ན་ནིང་རྫོང་ཐད་གཏོགས་ལས་ཁུངས་ལེགས་སྒྲིག་དང་ཀྲི་པུའུ་འདེམས་བསྐོའི་ནང་ཏང་ཡོན་མང་ཚོགས་ཀྱི་ཀྲི་པུའུ་དང་པོའི་ཧྲུའུ་ཅིར་འདེམས་བསྐོ་བྱས་པ་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། དྲིལ་བསྒྲགས་པུའི་པུའུ་ཀྲང་སོགས་རྫོང་ཨུད་ཀྱི་རྒྱུན་ཨུ་ཚང་མ་ཀྲི་པུའུ་འདིའི་ནང་ཡོད་པ་རེད།

    2016ལོར་སྤུ་ཧྲེང་རྫོང་ཨུད་སྐབས་བརྗེས་རྗེས། དོན་དངོས་ལ་གཞིགས་ནས་ལས་ཁུངས་ཏང་རྩ་འཛུགས་ལེགས་སྒྲིག་བྱས་ནས་ཏང་ཡོན་ཡིན་པའི་རྫོང་རིམ་པའི་ལས་བྱེད་པ་29ཡི་རྩ་འཛུགས་འབྲེལ་བ་ལས་བགོས་ལྟར་ལས་ཁུངས་ཀྱི་ཀྲི་པུའུ་20ལ་ཁག་སོ་སོར་བགོས་ཐོག ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་གཉིས་ཀྱི་འཚོ་བར་ཞུགས་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་ཡོན་གཞན་པར་མིག་དཔེའི་ནུས་པ་བཏོན་པ་རེད།

    ན་ནིང་ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྤུ་ཧྲེང་གྲོང་རྡལ་ཁྲི་སྡེ་གྲོང་ཚོས་ཕྱོགས་ཁག་གི་མ་དངུལ་སྒོར་ཁྲི་110ལྷག་བརྩོན་ལེན་དང་། རང་གྲབས་སྒོར་ཁྲི་30བྱས་པ། དངུལ་བུན་སྒོར་ཁྲི་60གཡར་བ་བཅས་བྱས་ནས་བསྡོམས་མ་དངུལ་སྒོར་ཁྲི་200བཏང་སྟེ་གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་དང་། མང་ཚོགས་ཀྱི་ཚོགས་ཁང་། ཏང་ཡོན་གྱི་བྱེད་སྒོ་ཁང་། དབུལ་སྒྲོལ་འགག་སྒྲོལ་གཞུང་དོན་ཁང་། གྲོང་ཚོའི་ལོ་རྒྱུས་ཁང་། གློག་བརྙན་ཁང་། སྒོ་རྩིས་ཚོང་ཁང་བཅས་ཆ་ཚང་བསྐྲུན་ནས་ཏང་གི་རྩ་འཛུགས་འཚོ་བ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་བྱེད་སྒོ་ཁག་སྤེལ་རྒྱུ་དེ་བས་ཚད་ལྡན་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། གྲོང་ཚོ་ཨུ་ལྷན་ཡང་མང་ཚོགས་ཚོ་ཞར་དང་ཞོར་ལ་འཛོམས་སར་གྱུར་ཏེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    “ལས་ཁུངས་ཏང་ཡོན་ལ་རང་ཉིད་ཀྱི་བྱེད་སྒོ་སྤེལ་ཡུལ་དགོས་པ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་དེ་ཉིད་དགོན་སྡེ་ལས་ཡིད་དབང་འཕྲོགས་ཤུགས་ཆེ་བ་དགོས”ཞེས་སྤུ་ཧྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཧུའེ་ཡིས་རྫོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་ནན་གྱིས་བརྗོད།

    སྤུ་ཧྲེང་རྫོང་གིས་མི་རེར་ཆ་སྙོམས་སྒོར་2000ཡི་ཚད་གཞིའི་ཐོག་ནས་ལས་ཁུངས་ཏང་འཛུགས་སྐྱོང་གི་འགྲོ་གྲོན་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་པར། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་འགྲོ་གྲོན་གྱི་སྔོན་རྩིས་ཁོ་ན་སྒོར་ཁྲི་133ཟིན་པ་དང་། ཤང་གྲོང་དང་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་འཛུགས་སྐྱོང་འགྲོ་གྲོན་བསྣན་ན་རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་མ་དངུལ་སྒོར་ཁྲི་300ལས་བརྒལ་བ་བཏང་ཡོད། ལྷག་པར་དུ་ལས་ཁུངས་ཏང་འཛུགས་སྐྱོང་གི“སྒྲོན་འོག་མུན་པའི”གནད་དོན་ལ་དམིགས་ཏེ་རྫོང་ཨུད་ཀྱིས་ནུས་ཤུགས་ཡོད་རྒུས་ལས་ཁུངས་ཀྲི་པུའི་ཚན་ཁག་སྟོབས་ཆེར་བཏང་བ་དང་ལས་ཁུངས་ཏང་ཡོན་བྱེད་སྒོའི་འཐབ་སའི་ཆ་རྐྱེན་རིམ་བཞིན་ལེགས་སུ་བཏང་ནས་ཀྲུང་དབྱང་གི“ཏང་གི་ལས་དོན་ཐ་དག་ཀྲི་པུའུ་བར་ཁྱབ་དགོས་པའི”བླང་བྱ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱས་ཡོད་པ་རེད།

    ད་ཆ་སྤུ་ཧྲེང་རྫོང་གི་ཏང་འཛུགས་སྐྱོང་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། “བོད་ནུབ་ཀྱི་གདོང་ལེན། གསར་བརྗེའི་མངའ་རིས”དང“སྤུ་ཧྲེང་གི་གདོང་ལེན”གྱི་ཏང་འཛུགས་སྐྱོང་འདུ་འགོད་མི་སེམས་སུ་ཟུག་ཡོད་པ་རེད།

    “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་བ།

    “《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ནང་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ལམ་ལུགས་ལ་བླང་བྱ་ནན་པོ་བཏོན་པ་དང་། ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ལམ་ལུགས་གཙོ་བོ་གང་དག་ཡོད་དམ”“《ཚད་གཞིའི》ནང་ཆོས་དད་རང་མོས་ལ་བཀག་སྡོམ་རང་བཞིན་གྱི་བླང་བྱ་གང་བཏོན་ཡོད་དམ”“རྫོང་ཨུད་ཀྱིས་བཏོན་པའི‘ལྔ་ལྔའི་འཐབ་ཇུས’ཀྱི་ནང་དོན་གང་ཡིན་ནམ”—— འདི་དག་ནི་འདི་ལོའི་སྤུ་ཧྲེང་རྫོང་གི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་དང་ཡིག་རྒྱུགས་ཐེངས་གཉིས་པའི་ནང་དོན་ཁག་གཅིག་རེད།

    འདི་ལོ་ཚུན་དུ། སྤུ་ཧྲེང་རྫོང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བའི་ཁྲོད། “ཡིག་རྒྱུགས་དང་། ཚོད་རྒྱུགས། དཔྱད་དཔོག”བཅས་ཀྱི་ལམ་ལུགས་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ཏེ་ལོ་ཧྲིལ་པོར་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་ཡིག་རྒྱུགས་ཐེངས་4གཏོང་རྩིས་ཡོད་པ་དང་། མིག་སྔར་ཡིག་རྒྱུགས་ཐེངས་གཉིས་བཏང་ཟིན་ནས་ཡིག་རྒྱུགས་བཏང་བ་བརྒྱུད་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སློབ་སྦྱོང་སློབ་གསོ་སྤེལ་ཏེ“ཡིག་རྒྱུགས”ལ་བརྟེན་ནས“སློབ་སྦྱོང”བྱ་རྒྱུར་སྐུལ་འདེད་བཏང་ཡོད། 《ཏང་ཡོན་གྱི་དམངས་གཙོའི་ཚད་ལེན་དཔྱད་དཔོག་གི་བཀག་རྒྱའི་གསལ་ཐོ》བཟོས་ནས་ཚད་ལེན་དཔྱད་དཔོག་བྱས་འབྲས་གཞིར་བཟུང་ཚད་གཞི་མ་ལོན་པའི་ཏང་ཡོན་གྱི་འོས་མི་རགས་ཙམ་བདམས་པ་མ་ཟད། སོ་སོར་སྐྱོན་བརྗོད་སློབ་གསོ་དང་། དུས་བཀག་ལྟར་ཡོ་བསྲང་། ཏང་ཁོངས་ནས་ཕྱིར་འདོན་རྒྱུའི་ཁ་ཏ་བྱེད་པ། ཕྱིར་འབུད་གཏོང་བ་སོགས་ཀྱི་ཐག་གཅོད་བྱས་ཏེ་རྫོང་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    འདི་ལོའི“བདུན་གཅིག”གི་སྔ་ནུབ་ཏུ་རྫོང་ཡོངས་ཀྱི་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཀྲི་པུའུ་20ཡི་རྒྱ་ཆེའི་ཏང་ཡོན་ཚོས་གཟའ་མཇུག་གི་དུས་ཚོད་སྤྱད་དེ་འབྲེལ་གཏུག་བྱ་ཡུལ་གྲོང་ཚོ་དང་གྲོང་ལྷན་ཀྲི་པུའུ་དང་མཉམ་དུ་མཉམ་གཏོད་བྱེད་སྒོ་སྤེལ་བ་དེ་ནི་སྤུ་ཧྲེང་རྫོང་ཨུད་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཁྲོད་སྤེལ་བའི་ལས་ཁུངས་ཀྱི་ཀྲི་པུའུ་དང་གྲོང་ཚོ་དང་གྲོང་ལྷན་ཀྲི་པུའི“2+1”གི་མཉམ་གཏོད་བྱེད་སྒོ་སྤེལ་བ་ཞིག་ཡིན་པ་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཀྲི་པུའུ་2དང་གྲོང་ཚོ་དང་གྲོང་ལྷན་གྱི་ཀྲི་པུའུ་1དབར་ཆ་སྒྲིག་ནས་ཕན་ཚུན་ཆ་སྒྲིག་བཟོས་པའི་ཀྲི་པུའུ་3པོས་དུས་བཀག་ལྟར་མཉམ་གཏོད་བྱེད་སྒོ་སྤེལ་བ་རེད།

    བར་ག་ཤང་གཞུང་པ་གྲོང་ཚོའི་དེ་སྔའི་ཀྲུའུ་རེན་ཉི་མ་རྒྱལ་མཚན་གྱིས་ལས་འགན་འཁུར་རིང་དཀའ་ངལ་དང་འཁང་ར་གཉིས་བཟོད་ཀྱིས་ལས་ཀ་ཧུར་ཐག་བྱས་པར་མང་ཚོགས་ཀྱི་བསྔགས་བརྗོད་དང་རྩ་འཛུགས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ་པ་རེད། 2013ལོར་གངས་སྐྱོན་ལ་ཁ་གཏད་གཅོག་པའི་ལས་ཀའི་ཁྲོད་ཉེན་གྱར་མང་ཚོགས་སྐྱོབ་ཆེད་ཁོང་གི་གཟུགས་པོར་གཅོང་ནད་ཕོག ལོ་ཁ་ཤས་ནང་གྲོང་ཚོའི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་བྲེལ་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་རྒྱུ་མ་བྱུང་སྟབས་ན་ནིང་ཟླ་10པར་བློ་མཐུན་ཉི་མ་རྒྱལ་མཚན་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཁོང་གིས་དགའ་ཞེན་ཆེན་པོ་བྱེད་པའི་གཞུང་པ་གྲོང་ཚོའི་གྲོང་མི་དང་ནམ་ཡང་ཁ་བྲལ་བ་རེད།

    འདི་ལོ་རྫོང་ཡོངས་ཀྱི“བདུན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་ཐོག རྫོང་ཨུད་ཀྱིས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་བློ་མཐུན་ལེའོ་ཅུན་པོ་དང་ཉི་མ་རྒྱལ་མཚན་གཉིས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། བློ་མཐུན་ཉི་མ་རྒྱལ་མཚན་ལ་སྐད་གྲགས་ཆོད་པའི་བྱས་རྗེས་མེད་རུང་། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཚད་ལོན་ཏང་ཡོན་གྱི་ངོ་བོའི་དོན་སྙིང་མངོན་པ་བྱས་ཏེ་རྫོང་ཡོངས་ཀྱི་ཏང་ཡོན་1400ལྷག་ལ་མིག་དཔེ་བཏོན་ཡོད།

    ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་ཏང་ཡོན་ལས་བྱེད་པར་དོ་དམ་ནན་པོ་བྱས་པ།

    “མ་གཞི་བྱས་ན་ཉིན་གཅིག་གཉིས་ཀྱི་རྗེས་སུ་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་གསལ་བཤད་བྱས་ན་འགྲིག་གི་རེད་སྙམ་པ་ལས། རྫོང་གིས་བྱེད་ཐབས་དངོས་སྤྱོད་ཀྱི་རེད་བསམས་མ་བྱུང”ཞེས་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཧྥུང་གིས་ལོ་འགོར་རྫོང་ཨུད་རྩ་འཛུགས་པུས་བཏང་བའི་བརྡ་ཁྱབ་དེ་དྲན་གསོ་བྱེད་བཞིན་དུ་བརྗོད།

    འདི་ལོའི་ལོ་འགོར། མངའ་རིས་ས་ཨུད་ཀྱིས་ས་ཁུལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཚང་མ་ཟླ་2ཚེས་3ཉིན་གྱི་གོང་དུ་ལས་གནས་སུ་ལོག་དགོས་པའི་བླང་བྱ་བཏོན་ཡོད། རྫོང་ཨུད་ཀྱིས་སྤུ་ཧྲེང་གི་དོན་དངོས་ལ་གཞིགས་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་དང་ཚན་པ་དང་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོ་ཟླ་2ཚེས་10ཉིན་གོང་དུ་ལས་གནས་ཐོག་ཕྱིར་ལོག་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཞིབ་བཤེར་རྩིས་ལེན་དང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལ་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་ཡོད་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་བློ་མཐུན་13དུས་ཐོག་ཏུ་ལས་ཁུངས་ལ་ཕྱིར་ལོག་བྱེད་ཐུབ་མེད། རྫོང་ཨུད་རྩ་འཛུགས་པུས་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པར་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བློ་མཐུན་13དེ་དག་ལ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་མ་ཟད། ཟླ་དེའི་གླ་ཕོགས་ཀྱི་20%སྟེ་མི་རེ་ནས་ཆ་སྙོམས་སྒོར་2000འཐེན་ཏེ་རྒྱ་ཆེའི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།