[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཐའ་མཚམས་གྲོང་ཚོ་ཆུང་ཆུང་ཞིག་གི་དེང་གི་ཉམས་བཟང་།

    —— སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་མཐའ་མཚམས་དཔེ་སྟོན་གྲོང་ཚོའི་མཐོང་ཐོས་ཐོར་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གསར་འགོད་པ། དོན་གྲུབ་དང་། བཀྲ་ཤིས་དཔལ་ལྡན། པ་མཆོག བསོད་ནམས་དབང་འདུས།    |    སྤེལ་དུས།   2017-08-10

    424032_yis_1502258233286_s.jpg

    འདི་ནི་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི“མཐའ་མཚམས་དཔེ་སྟོན་གྲོང་ཚོའི”རྣམ་པ་ཡིན་པ། (དོན་གྲུབ་ཀྱིས་པར་བརྒྱབ)

    མངའ་རིས་ས་ཁུལ་གནས་ཡུལ་ནས་ཆུ་བོ་སེང་གེ་ཁ་འབབ་ཀྱི་བཞུར་རྒྱུན་དང་བསྟུན་ཏེ་ནུབ་བྱང་མཚམས་སུ་རླངས་འཁོར་བསྡད་ནས་ཆུ་ཚོད་གཅིག་ཙམ་སྐྱོད་མཚམས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་པའི་མཐའ་མཚམས་དཔེ་སྟོན་གྲོང་ཚོ་སྟེ། སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོར་འབྱོར་གྱི་འདུག སྣུམ་ནག་བཏིང་པའི་བདེ་ཞིང་ཁོད་སྙོམས་པའི་ཤང་གྲོང་གཞུང་ལམ་བརྒྱུད་ཤར་རེར་བསྐྱོད་མཚམས་ཐག་རིང་ས་ནས་ཐོག་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་སྔོ་ལྗང་ལྗོན་ཤིང་གིས་མཐའ་བཞི་བསྐོར་བའི་གྱང་ལྡེབས་སུ་དཀར་ཡོལ་སོ་རྩི་སྦྱར་བའི་བོད་བཟོའི་ཐོག་སོ་ཉིས་བརྩེགས་ཀྱི་ཁང་བཟང་སྟར་ཕྲེང་མིག་ལམ་དུ་མངོན་གྱི་འདུག་པ་དེ་ཆུ་ཕྲན་གཅིག་གིས་བར་ཆོད་པའི་རྒྱ་གར་ཕྱོགས་ཀྱི་གྲོང་སྡེའི་ཁང་པ་དང་བསྡུར་ན་དངོས་གནས་གནམ་སའི་ཁྱད་པར་འཛོལ་འདུག་པ་དེ་ལས་མེས་རྒྱལ་གྱི་མཐའ་དར་དམངས་ཕྱུག་གི་ཉམས་འགྱུར་ལེགས་པར་མངོན་གྱི་འདུག ད་ཆའི་གྲོང་གསར་དུ་མ་འབྱོར་གོང་ཙམ་ལ་རླངས་འཁོར་གྱི་སྒེའུ་ཁུང་ནས་དེ་སྔོན་གྱི་གྲོང་སྡེ་རྙིང་པའི་ཁང་པ་མཐོང་རྒྱུ་འདུག་པ་དེ་ས་རྡོ་ལས་གྲུབ་པ་དང་། ཐོག་དཔངས་དམའ་ལ་རྒྱ་ཁྱོན་ཆུང་བ་དེ་དག་ད་ཆ་ར་ལུག་གི་ལྷས་རར་བཅོས་པ་ཤེས་བྱུང་།

    རྫོང་དང་གྲོང་ཚོའི་ལས་དོན་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་སྣེ་ཁྲིད་འོག ང་ཚོ་བཅར་འདྲི་ཚོགས་པའི་ཁོངས་མི་རྣམས་ཤར་རེར་བདེ་མཆོག་གྲོང་ཚོའི་གྲོང་མི་དབང་གྲགས་ཀྱི་ཁྱིམ་དུ་བསྐྱོད་པ་ཡིན། གྲོང་ཚོའི་དུད་སྦྲེལ་སྤྱི་དཔོན་གྱི་འགན་འཁུར་བཞིན་ཡོད་པའི་ལོ་65ལ་སླེབས་པའི་རྒད་པོ་ཁོང་གི་ཁྱིམ་ལ་ནང་མི་གསུམ་ཡོད་པ་དང་ཁང་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་120ཙམ་འདུག་པ་དེ་དཀར་ཆ་དོད་ལ་འཛིན་ཆས་ཆ་ཚང་བ་དང་། བུ་མོ་རྒན་པ་གཉིས་གྲོང་ཚོ་དེ་རང་དུ་མནའ་མར་ཡོད་པ་དང་ཁྱིམ་དུ་ཡོད་པའི་བུ་མོ་ཆུང་བ་ད་ཆ་ནང་སའི་ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་ལོ་རིམ་བཞི་པའི་སློབ་མ་ཡིན་པ་རེད། རིམ་ཁག་སྲིད་གཞུང་གིས་མཐའ་མཚམས་གྲོང་ཚོར་ལག་ལེན་བསྟར་བའི་སྲིད་ཇུས་ནང་། ད་ཆ་ལོ་རེར་མཐའ་མཚམས་གྲོང་མི་མི་རེར་ནགས་ཚལ་ཁ་གསབ་སྒོར་2700དང་། རྩྭ་ཐང་ཁ་གསབ་སྒོར་5500 མཐའ་མཚམས་ཁ་གསབ་སྒོར་2200སོགས་ཡོད་པ་མ་ཟད། ད་དུང་རང་ཁྱིམ་གྱི་ཞིང་འབྲོག་ཞོར་གསུམ་གྱི་ཡོང་འབབ་ལས་ད་ཆ་དབང་གྲགས་འདྲ་བའི་མཐའ་མཚམས་གྲོང་མི་རྣམས་ཀྱི་འཚོ་བར་སེམས་ཁྲལ་གཏན་ནས་མེད་པ་རེད།

    གྲོང་མི་དབང་གྲགས་ཀྱིས“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་གོང་རིམ་སྲིད་གཞུང་ཁག་གི་ཐུགས་ཁུར་རྒྱབ་སྐྱོར་འོག ང་ཚོ་མཐའ་མཚམས་གྲོང་ཚོའི་གྲོང་མིར་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཡོད་པས་སྤུས་ལེགས་ཀྱི་སྡོད་ཁང་གསར་པར་སྡོད་རྒྱུ་ཡོད་པ་མ་ཟད། འཚོ་བར་ཡང་དཀའ་ངལ་ཅི་ཡང་མི་འདུག་ལ། ད་ལྟའི་བདེ་སྐྱིད་འཚོ་བ་གང་ནས་བྱུང་བ་དང་། ཇི་ལྟར་བྱུང་བ། སུས་གནང་བ་བཅས་གསལ་པོ་ཤེས་ཀྱི་འདུག”ཅེས་ཏང་དང་སྲིད་གཞུང་ལ་བཅངས་པའི་བཀའ་དྲིན་དྲན་བཞིན་དུ་ཤོད་ཀྱི་འདུག

    ཤེས་རྟོགས་བྱུང་བར་གཞིགས་ན། ས་བབ་མཐོ་ཚད་སྨི་4300ལྷག་ཡོད་པའི་མཐའ་མཚམས་གྲོང་ཚོ་དེའི་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པ་མ་ཟད། གྲོང་མི་ཚོའི་འཚོ་སྡོད་ཆ་རྐྱེན་ཡང་ཞན་པོ་ཡོད་པ་གང་ཞིག ས་འབབ་གནས་སྟངས་ཧ་ཅང་དམིགས་བསལ་ཡིན་པས། ཕྱོགས་ཁག་དང་རིམ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོས་ཕྱོགས་ཁག་གི་རོགས་སྐྱོར་མ་དངུལ་སྤྱད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་འགོ་བརྩམས་ཤིང་། 2008ལོའི་ཟླ་8པར། སྐབས་དེར་ཧྲའན་ཤིས་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཡིན་པའི་བློ་མཐུན་ཀྲའོ་ཀྲེང་ཡུང་བོད་དུ་བརྟག་ཞིབ་བྱེད་པར་ཕེབས་སྐབས། “ཧྲའན་ཤིས་ཀྱི་བོད་སྐྱོར་རྣམ་གྲངས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་ཕྱོགས་དགོས་པའི”བླང་བྱ་བཏོན་པ་ལྟར། སྒར་རྫོང་གི་ཧྲའན་ཤིས་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པས་བདེ་མཆོག་མཐའ་མཚམས་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུའི་རྣམ་གྲངས་ཀྱི་འཆར་གཞི་བཀོད་པར། བོད་དང་ཧྲའན་ཤིས་ཞིང་ཆེན་གྱི་ཆོག་མཆན་ཐོབ་ནས་2011ལོའི་ཟླ་7པར་སྐྲུན་འགོ་ཚུགས་པ་དང་2012ལོའི་ཟླ་10པར་ཨར་མཇུག་འགྲིལ་ནས་དུད་ཚང་22ཀྱི་མི་91ཁང་པ་གསར་པའི་ནང་སྤོ་རྒྱུ་བྱུང་བར་བསྡོམས་མ་དངུལ་སྒོར་ཁྲི་2060བཏང་བ་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཧྲའན་ཤིས་ཞིང་ཆེན་གྱི་འགོ་ཁྲིད་པ་གཙོ་བོ་དང་བོད་ཀྱི་འགོ་ཁྲིད་བློ་མཐུན་གྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དང་སྦྲགས། རྣམ་གྲངས་དེ་ཉིད་2011ལོར་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་གྲངས་ཀྱི་ཁོངས་སུའང་བཅུག་པ་རེད། རྣམ་གྲངས་དེ་མི་སྡོད་ཁུལ་དང་། གསོ་ཚགས་ཁུལ། མི་བཟོས་རྩྭ་འདེབས་ཁུལ། སྔོ་ཚལ་དྲོད་ཁང་ཁུལ་བཅས་ཁུལ་བཞིར་དབྱེ་ནས་ཐོན་སྐྱེད་འཕེལ་རྒྱས་དང་གྲོང་ཚོའི་བཀོད་པ་གཙང་བའི་བླང་བྱ་དང་འཚམ་ཐུབ་པ་བྱུང་ཡོད་ཅིང་། མི་སྡོད་ཁུལ་གྱི་རྒྱ་ཁྱོན་ལ་མུའུ་55ཡོད་པ་དང་དུད་ཚང་22ཡོད་པ་རེད། དེ་བཞིན་གྲོང་ཚོ་ཨུ་ལྷན་གྱི་བྱེད་སྒོ་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་547.56ཡོད་པ་དང་། ཨར་འདམ་ལམ་སྨི་ངོས་གྲུ་14990བཏིང་བ། ཆུ་ཡུར་སྨི་950བཟོས་པ། ལམ་ཁ་དང་སྒོ་ར་སོགས་སུ་ཉི་ནུས་གློག་སྒྲོན་སྣ་ཚོགས་134བསྒར་བ། ལྕང་མ་སྡོང་རྐང་3000དང་མི་བཟོས་སྤང་རྩྭ་མུའུ་300བཏབ་ཡོད་པ་མ་ཟད། ད་དུང་གྲོང་ཚོ་ཡོངས་ལ“ཆུ་གློག་ལམ་འཕྲིན”བཅས་ཤར་གཏོང་ཐུབ་ཡོད་པ་རེད།

    གྲོང་སྡོད་ལས་དོན་རུ་མིའི་སྣེ་ཁྲིད་འོག གསར་འགོད་པས་གྲོང་ཚོའི་ནང་ལྟ་སྐོར་དུ་བསྐྱོད་པ་ཡིན། ཨར་འདམ་ལམ་བུ་དུད་ཚང་ཚང་མའི་སྒོ་ཁར་བཟོས་ཡོད་པ་དང་། ས་ཆ་སྟོང་པ་ཡོད་ཚད་ལ་ལྕང་མ་དང་སྤང་རྩྭ་བཏབ་ཡོད་པ་མ་ཟད། སྤྱིར་ན་དུད་ཚང་མང་ཆེ་བའི་སྒོ་ཁར་རླངས་འཁོར་དང་། ཐོ་ཕྲུག སྦག་སྦག་སོགས་དེང་རབས་འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་འདུག གྲོང་ཚོའི་ཁང་པ་ཆེ་ཆུང་རིམ་པ་གསུམ་དུ་དབྱེ་ཡོད་པ་སྟེ། ཆེ་བར་སྨི་ངོས་གྲུ་140དང་། འབྲིང་བར་སྨི་ངོས་གྲུ་120 ཆུང་བར་སྨི་ངོས་གྲུ་90བཅས་ཡོད་པ་དང་། ད་དུང་ཁྱིམ་ཚང་ཚང་མར་དགུན་སྒྲོལ་གྱི་དྲོད་ཁང་ཡང་བརྒྱབ་འདུག་པས། མཐོ་གྲང་ཁུལ་གྱི་གྲོང་ཚོ་དེའི་མི་རྣམས་དགུན་ཁ་ཁྱིམ་དུ་སྡོད་སྐབས་གྲང་ངར་གྱིས་གཙེས་པའི་སེམས་ཁྲལ་བྱེད་དགོས་མི་འདུག

    ཉིན་དགུང་མཚམས་སུ། ང་ཚོ་བཅར་འདྲི་ཚོགས་པ་རླངས་འཁོར་དུ་བསྡད་ནས་དེ་གའི་ཡུལ་མི་དང་གྲོང་སྡོད་རུ་མི་དང་ཁ་གྱེས་སྐབས། སྔོ་ལྗང་ལྗོན་ཤིང་གིས་མཐའ་བཞི་བསྐོར་ཞིང་། བཀོད་པ་གཙང་ལ་སྐྱིད་སྣང་དོད་པའི་མཐའ་མཚམས་གྲོང་ཚོ་ཆུང་ངུ་དེ་ནི་དབྱར་ཟླ་བདུན་པའི་ཉི་འོད་འོག་དེ་བས་བཀྲག་མདངས་ཆེ་ལ། སེང་གེ་ཁ་འབབ་གཙང་པོའི་བཞུར་རྒྱུན་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལམ་བུའི་ཐོག་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་གཏོད་ཐུབ་པའི་ཡིད་ཆེས་ང་ཚོ་ཚང་མའི་སེམས་དབུས་ནས་ངང་གིས་རྙེད་འོངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།