[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-09

    423478_yis_1502167369977_s.jpg

    འདི་ནི་རྒས་འཁོགས་ཀྱི་ལུས་སྦྱོང་སྒོར་གཞས་རུ་ཁག་གིས་སྒོར་གཞས་རྒྱག་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། “དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཐེངས་དགུ་པ་འཆར་ཉེའི་སྐབས་སུ་བོད་རང་སྐྱོང་ལྗོངས་ཀྱི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་དེ་ལྷ་ས་གྲོང་ཁྱེར་དུ་བྱས་ཤིང་། དེ་ནི་བོད་ཀྱི་སྒོར་གཞས་དང་ལུས་སྦྱོང་གཉིས་ཚད་ལྡན་གྱི་འགྲན་བསྡུར་ལ་མཉམ་དུ་ཞུགས་ཐེངས་དང་པོ་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཐད་གཏོགས་ལས་ཁུངས་དང་། ས་ཁུལ་དང་གྲོང་ཁྱེར་ཁག དེ་བཞིན་ལྷ་ས་གྲོང་ཁྱེར་བཅས་ནས་ཡོང་བའི་མང་ཚོགས་ཀྱི་ལུས་སྦྱོང་རུ་ཁག་19དང་བདམས་ཐོན་པ་398འགྲན་བསྡུར་ལ་ཞུགས་ཡོད་པ་དང་། འགྲན་བསྡུར་ལ་མཉམ་སྡེབ་རྣམ་གྲངས་ལས་བཙུགས་མེད་ཅིང་། དེའི་ཁྲོད་ནས་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་5 བྱ་དགའ་རིམ་པ་གསུམ་པ་8བཅས་གདམ་རྒྱུ་ཡིན་པ་རེད།

    སྒོར་གཞས་ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་ཞིག་ཡིན་པ་དང་། དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་ཀྱི་སྐབས་སུ་མི་རྣམས་ཀྱིས་སྒོར་སྒོར་བྱས་ཏེ་གླུ་ལེན་གར་འཁྲབ་བྱེད་ཅིང་། 2006ལོར་སྒོར་གཞས་དེ་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད་པ་རེད།

    མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་དེ་རིགས་བོད་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་སྔ་ས་ནས་བཅུག་ཡོད། ལྷ་སའི་ཀླུ་ཁང་དང་ནོར་བུ་གླིང་ག་སོགས་ཀྱི་ལུས་སྦྱོང་བྱ་ཡུལ་དུ་ཉིན་ལྟར་སྔ་དགོང་གཉིས་སུ་གྲོང་མི་མང་པོ་ཞིག་གླུ་ལེན་གར་འཁྲབ་བྱེད་པ་མཐོང་རྒྱུ་ཡོད། ད་རེས་ཀྱི་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པའི་ཁྲོད་ལོ་ཉི་ཤུ་ལྷག་ཙམ་གྱི་ན་གཞོན་ཡོད་ལ་ལོ་བདུན་བཅུ་ལྷག་ཙམ་ལ་སླེབས་པའི་རྒན་རྒོན་ཡང་ཡོད་པ་རེད།

    “སྒོར་གཞས་ནི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཧ་ཅང་ཆེན་པོ་ཡོད། ད་ཆ་དམངས་ཁྲོད་ཚོགས་པ་དང་ཆེད་ལས་སློབ་གྲྭ་དང་སློབ་གླིང་འགའ་ཤས་ཀྱིས་ལུས་སྦྱོང་སྒོར་གཞས་རྩོམ་སྒྲིག་གི་ཚོད་ལྟ་བྱས་ཡོད། འོན་ཀྱང་དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་གྲངས་ཤིག་ཡིན་པའི་ལུས་སྦྱོང་སྒོར་གཞས་དེ་ད་དུང་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བའི་ཚད་ལྡན་གྱི་འཁྲབ་སྟངས་ཤིག་བཟོ་ཐུབ་མེད” “ད་རེས་ཀྱི་འགྲན་བསྡུར་ནི་ལུས་སྦྱོང་སྒོར་གཞས་ཚད་ལྡན་ཅན་དུ་འགྱུར་བར་བྱེད་པའི་ཚོད་ལྟ་ཞིག་རེད། འགྲན་བསྡུར་ལ་ཞུགས་མཁན་རུ་ཁག་གི་སྟངས་སྟབས་མཛེས་པ་དག་ང་ཚོས་ཚད་ལྡན་ཅན་གྱི་འཁྲབ་སྟངས་ནང་བཅུག་ནས་རྩོམ་སྒྲིག་བྱ་རྒྱུ་ཡིན”ཞེས་འགྲན་བསྡུར་ཆེ་མོའི་ཤན་འབྱེད་པ་ཁྲེང་ཏུའུ་ལུས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཡན་ཧུང་གིས་བཤད།

    འགྲན་བསྡུར་ཆེ་མོའི་སྐར་གྲངས་དཔྱད་བསྡུར་བྱ་ཐབས་ཁྲོད་ཞབས་བྲོ་དེ་ངེས་པར་དུ་ས་གནས་དེ་གའི་སྒོར་གཞས་ཀྱི་ཁྱད་ཆོས་དང་ལུས་སྦྱོང་གི་སྟངས་སྟབས་གཉིས་མཉམ་འདྲེས་ལུགས་མཐུན་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ནག་ཆུ་ས་ཁུལ་འབྲི་རུ་རྫོང་རླན་ཆུ་ཤང་རྭ་རུ་གྲོང་ཚོའི་འགྲན་ཞུགས་རུ་ཁག་གིས་སྲོལ་རྒྱུན་གྱི་ཞབས་བྲོའི་ནང་ཀོ་བ་མཉེད་པ་དང་འཁལ་འཐག་སོགས་སྐྱ་སྤོས་ཀྱི་འཚོ་བ་མཚོན་པའི་སྟངས་སྟབས་སྔར་བཞིན་སོར་ཉར་བྱས་ཡོད་པ་རེད། ཁོང་ཚོས་ལུས་ལ་འབྲོག་ཆས་དང་མགོ་ལ་ཚ་རུའི་ཞྭ་མོ་གྱོན་ནས་སྟངས་སྟབས་ཀྱིས་ཕྱུག་པའི་ཞབས་བྲོ་བརྒྱབ་པར་འགྲན་བསྡུར་བྱ་ཡུལ་དུ་ཡོད་པའི་ལྟད་མོ་བ་ཚོའི་དགའ་བསུ་ཡང་ཡང་ཐོབ་ཡོད་པ་རེད།

    “སྔོན་ཆད་གྱི་ཞབས་བྲོར་འཁྲབ་སྟོན་གྱི་ཤས་ཆེ་བ་དགོས་པའི་ནན་བཤད་བྱེད་ཀྱི་ཡོད། ལུས་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་ཆེད། ད་ཆ་ང་ཚོས་གཟུགས་པོ་སྒུལ་ས་དང་རྐང་ལག་རྐྱོང་ས་སྔར་བས་ཡངས་སུ་བཏང་ཡོད” ང་ཚོས་ད་དུང་འཁྲབ་སྟོན་གྱི་གྱོན་ཆས་ལེགས་བཅོས་བྱས་ནས་གྱོན་ཆས་སུ་ཕིན་ཁབ་ཀྱིས་བརྒྱན་ཆ་བསྒར་ནས་ཞབས་བྲོ་འཁྲབ་རིང་མི་ལྷུངས་སྔོན་འགོག་བྱས་ཡོད་ཅེས་རྭ་རུ་སྒོར་གཞས་རུ་ཁག་གི་ཞབས་བྲོ་གསར་རྩོམ་པ་དགྲ་འདུལ་གྱིས་བཤད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་ཧྲུའུ་ཅི་ཧྥན་ཀྲེན་ཆང་གིས“འགྲན་བསྡུར་བྱས་རྗེས་ང་ཚོས་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་ལུས་སྦྱོང་སྒོར་གཞས་ཀྱི་སྐར་གྲངས་དཔྱད་བསྡུར་ཚད་གཞི་སྔར་བས་ལེགས་སྒྲིག་བྱས་ནས་ཚད་གཞི་དང་འཁྲབ་སྟངས་ནུས་ཤུགས་ཡོད་རྒུས་རྩོམ་སྒྲིག་བྱ་རྒྱུ་མ་ཟད། རྒྱལ་ཡོངས་རང་བཞིན་གྱི་ལུས་སྦྱོང་སྒོར་གཞས་སྤུས་རྟགས་ཀྱི་འགྲན་བསྡུར་ཞིག་གཏོད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།