[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྱི་ལེ་ཁྲི་3ལྷག་ཙམ་གྱི“ཕྱུག་འགྱུར་ལམ”མགྱོགས་མྱུར་འདིང་རྒྱུ་ཡིན་པ།

    ​ ལྗོངས་ཡོངས་ཀྱི་རང་བྱུང་གྲོང་ཚོ་6005ལ་ཁྱབ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-13

     ཟླ་7ཚེས་8ཉིན་གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། 2017ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་གསར་སྐྲུན་རྣམ་གྲངས་1344ཡི་ནང་ལོ་སྟོད་དུ་322ལས་འགོ་བཙུགས་ནས་འགྲིམ་འགྲུལ་གཏན་འཇགས་ཀྱི་རྒྱུ་ནོར་མ་རྩ་ཁྱོན་སྒོར་དུང་ཕྱུར་69.37ལེགས་གྲུབ་ཟིན་ཡོད་པ་རེད།

    “ང་ཚོས་ལོ་གཉིས་ནས་གསུམ་བར་སྤྱད་དེ་གྲོང་གསེབ་ཀྱི་གཞུང་ལམ་5756གྲོང་ཚོ་དང་དུད་ཚང་དུ་ཤར་གཏོང་ཐུབ་པའི་རྣམ་གྲངས་བཀོད་སྒྲིག་བྱས་ཏེ་ལམ་ཚད་སྤྱི་ལེ་34087འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། རྣམ་གྲངས་བསྐྲུན་རྗེས་རང་བྱུང་གྲོང་ཚོ་6005ལ་ཤར་གཏོང་ཐུབ་རྒྱུ་དང་ཤར་གཏོང་ཐུབ་ཚད་100%ཟིན་རྒྱུ་རེད”ཅེས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེན་ཀྲའོ་ཡིས་བཤད།

    2017ལོར་ལྗོངས་ཡོངས་ཀྱིས་རྫོང(ཆུས)20ལོ་འཁོར་གྱི་དབུལ་ཞྭ་ཕུད་པའི་རྫོང་ལ་གཏན་འཁེལ་བྱས་ཏེ་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དང་གཞོགས་འདེགས་དམ་ཟབ་བྱ་ཆེད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཤར་བགྲོད་ཐུབ་ཚད་ཅུང་དམའ་བའི་དབུལ་ཞྭ་ཕུད་པའི་རྫོང(ཆུས)ལ་སླར་ཡང་གསེད་བཀྲོལ་བྱས་པ་དང་ཞན་ཆ་གསབ་པ་དང་ཆབས་ཅིག་དབུལ་ཞྭ་ཕུད་པའི་རྫོང་དང་ཤང་དང་སྒྲིག་ཚུད་གྲོང་ཚོ་ཤར་བགྲོད་ཐུབ་ཚད་90%དང་60%ཡི་དམིགས་ཚད་དུ་སླེབས་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀྱི་གཞུང་ལམ་སྦྲེལ་མཐུད་ལམ་ཐིག་འཛུགས་སྐྲུན་བྱེད་པའི་དགོས་མཁོ་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར་92.52ཟིན་པའི་རྣམ་གྲངས་361བཀོད་སྒྲིག་བྱས་ནས་ལམ་ཐག་སྤྱི་ལེ་3015བསྐྲུན་ཏེ་ཤང་གྲོང་23དང་སྒྲིག་ཚུད་གྲོང་ཚོ་140ལ་ཤར་བགྲོད་ཐུབ་པ་དང་གཅིག་སྡུད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀྱི་གཞུང་ལམ་སྦྲེལ་མཐུད་ལམ་ཐིག་ཤར་བགྲོད་གནད་དོན་གཙོ་གནད་དུ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

    དེ་དང་ཆབས་ཅིག འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བོད་སྐྱོད་ལས་དོན་པ“བཞི་ལྡན་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་བསུ་བ་ཞུ་ཆེད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས《བོད་ཀྱི“བཞི་ལྡན་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་གྱི་ལྟ་སྐུལ་མཛུབ་ཁྲིད་ལས་ཀའི་ཇུས་གཞི》བཟོས་ཤིང་། མིག་སྔར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་། ནག་ཆུ་ས་ཁུལ་ཤན་རྩ་རྫོང་། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བཅས་རང་སྐྱོང་ལྗོངས་ཀྱི་2017ལོའི“བཞི་ལྡན་གྲོང་གསེབ་གཞུང་ལམ”གྱི་དཔེ་སྟོན་རྫོང་ལ་གཏན་འཁེལ་བྱས་པ་དང་དུས་འགོའི་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།