[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བསམ་ཕོད་པ་དང་སྒྲུབ་ཕོད་པ་བྱས་ཏེ་ཕུགས་བསམ་དོན་གཉེར་བྱེད་པ།

    “བོད་རིགས་ཕྲུ་གུའི་གྱོན་གོས”ཀྱི་ལས་གཏོད་པ་ཡེ་ཤེས་ཟླ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-18

    ཡེ་ཤེས་ཟླ་བ་ནི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་དབུ་ཡག་གྲོང་ཚོའི“ལོ་རབས་དགུ་བཅུའི་ནང་སྐྱེས་པའི”ཕོ་གཞོན་ཞིག་ཡིན་པ་དང་། 2012ལོར་བོད་ལྗོངས་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་སློབ་ཆེན་ལོ་རིམ་གསུམ་པར་སླེབས་སྐབས་ཁོང་གིས་ལས་གཏོད་བྱ་རྒྱུའི་བསམ་བློ་འཁོར། ནང་མིའི་རྒྱབ་སྐྱོར་འོག་ཁོང་གིས་བསམ་བློ་ནན་པོ་བཏང་བ་དང་སྲིད་གཞུང་གི་འབོར་ཉུང་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་ལ་བརྟེན་ནས་སྒོར་ཁྲི་8གཡར་བ་དེ་ལས་གཏོད་མ་དངུལ་ལ་བརྩིས་ཏེ་དཀའ་ཚེགས་ཆེ་བའི་ལས་གཏོད་བྱེད་འགོ་བཙུགས་ནས་རང་ཉིད་ལ་དབང་བའི་སྤུས་རྟགས་སྟེ་བོད་རིགས་ཕྲུ་གུའི་གྱོན་གོས་སྤུས་རྟགས་བཏོད་ཅིང་། མིག་སྔའི་བར་ལྷ་སར་མཉམ་ལས་ཁང་1དང་། ཚོང་ཁང་2 བཟོ་པ་19བཅས་ཡོད་པ་རེད།

    ཞིང་འབྲོག་ཁུལ་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་གི་ངོས་ནས། གྲོང་ཚོའི་ནང་གི་ལོ་མཉམ་ཕྲུ་གུ་མང་པོ་ཞིག་རྙིང་ཞེན་ལ་སེམས་ཆགས་པ་དང་། གསར་གཏོད་བྱེད་མི་ཕོད་པ། དཀའ་ངལ་དང་འགལ་རྐྱེན་གྱི་མདུན་དུ་སེམས་ཤུགས་ཞན་པ་བཅས་ཡོད་པ་ཁོང་ལ་ངོས་འཛིན་ཟབ་མོ་བྱུང་ཡོད། ཁོང་གིས་སློབ་ཆེན་ཐོན་རྗེས་ཡིག་རྒྱུགས་བདེ་བླག་ངང་བཏང་སྟེ་གཞི་རིམ་གྱི་གཞུང་ལས་པའམ་ཡང་ན་ཉེན་རྟོག་པ་དང་དགེ་རྒན་ཞིག་བྱས་ཏེ་རང་གི་གནས་བབ་དང་འཚམ་ལ་གཏན་འཇགས་ཀྱི་ལས་ཀ་ཞིག་རག་རྒྱུ་བསམ་བློར་འཁོར་མྱོང་ཡོད།

    “འོན་ཀྱང་ངའི་བསམ་པར་ཁམས་པའི་ཕོ་གཞོན་ཞིག་གི་ལུས་ལ་ཐོག་མ་ཉིད་ནས་ཕམ་ཉེས་ལ་མགོ་མི་སྒུར་བའི་ཁྲག་རྒྱུན་ཞིག་བཞུར་བས་ཐང་དཀར་རྒོད་པོ་ཞིག་དང་འདྲ་བར་ནམ་འཕང་བཅད་དེ་རང་ཉིད་ལ་དབང་བའི་གནམ་ས་ཞིག་གཏོད་དགོས་ངེས་རེད་སྙམ་བྱུང”

    སློབ་ཆེན་ལོ་རིམ་གསུམ་པ་ནས་འགོ་བཙུགས་ཏེ་ཡེ་ཤེས་ཟླ་བས་ལས་གཏོད་བྱེད་འགོ་བཙུགས་པ་ནས་ད་བར་ལོ་གསུམ་འདས། ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་དང་ལས་གཏོད་བྱེད་མཁན་རྒན་རབས་ཚོའི་མཛུབ་ཁྲིད་འོག་ཡེ་ཤེས་ཟླ་བར་2015ལོར་ཆབ་མདོ་གྲོང་ཁྱེར་དུ་སྤེལ་བའི་ལས་གཏོད་འགྲན་སྡུར་ཆེ་མོ་སྐབས་དང་པོར་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་སྦྲགས་ངོགས་གཉིས་ཀྱི་སློབ་ཆེན་སློབ་མའི་སྤྱི་ཕན་ཚོགས་པའི་བྱེད་སྒོའི་ཇུས་འགོད་འགྲན་སྡུར་ཆེ་མོ་སྐབས་གསུམ་པར་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད།

    ལས་གཏོད་བྱེད་པའི་ཐོག་མའི་དུས་སུ་ཁོང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་བརྒྱུགས་ཀྱང་གང་སར་འགྲོ་ཁུངས་མེད་པས་སྐབས་ཤིག་རིང་ཡིད་ཆད་བློ་ཕམ་སྐྱེས། འོན་ཀྱང་སེམས་ཁོངས་ཀྱི་ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་ཁོང་གིས་སྔར་བཞིན་རང་ཉིད་ཀྱི་ལས་གཏོད་ཕུགས་བསམ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ནས་རང་གི་ཕུགས་བསམ་ཆེན་པོ་མངོན་འགྱུར་བྱས། ཉམས་མྱོང་མ་འདང་བ་དང་མ་དངུལ་དཀོན་པའི་གནས་ཚུལ་འོག་ཁོང་གིས་རང་ཉིད་ཀྱི་བསམ་བློ་གཞི་ཁྱོན་ཆེ་བའི་ལས་གཏོད་ལ་བཏང་ནས་ཡུད་ཙམ་ཞིག་ལ་ཕྱུག་པོ་ཆགས་ཐབས་བྲལ་བ་ཚོར། དེར་བརྟེན་ཁོང་གིས་ཏན་ཏན་ཏིག་ཏིག་དང་གཞི་ཁྱོན་ཆུང་བའི་ཐོན་སྐྱེད་སྔོན་ལ་མཐའ་འཁྱོངས་བྱས་པ་དང་། སིལ་ཚོང་གཙོ་བོར་བྱེད་པ་དང་དེ་རྗེས་སྡེབ་ཚོང་འགའ་ཞིག་བརྒྱབ་ནས་རིམ་བཞིན་གཞི་ཁྱོན་ཆེ་རུ་བཏང་བ་རེད།

    མིག་སྔར་ཁོང་ནི་ཁེར་རྐྱང་གི་བཟོ་ཚོང་དུད་ཚང་ཞིག་རེད། འོན་ཀྱང“བོད་རིགས་ཕྲུ་གུའི་གྱོན་གོས་སྤུས་རྟགས”ལས་གཏོད་འགྲན་སྡུར་ཆེ་མོ་དང་བརྡ་ཁྱབ་དྲིལ་བསྒྲགས་འགའ་ཞིག་ལ་བརྟེན་ནས་སྐད་གྲགས་ཅུང་ཆོད་ཡོད། “གོམ་སྟབས་རྗེས་མར་ངས་གཉེར་སྐྱོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཆབས་ཅིག་རང་ཉིད་ཀྱི་ཀུང་སི་ཡང་དངོས་སུ་འཛུགས་རྩིས་ཡོད”

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།