[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • བོད་ཀྱི་ས་ཆ་མང་པོར་མུ་མཐུད་གངས་མ་ཆར་འབབ་རྒྱུའི་སྔོན་བརྡ་བཏང་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-01

    ཟླ་3ཚེས་31ཉིན་གྱི་སྔ་དྲོ། གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། རླབས་ཐུང་གི་ཤུགས་རྐྱེན་འོག་ཟླ་3ཚེས་31ཉིན་གྱི་ཐོ་རེངས་ནས་བཟུང་། ལྷ་ས་དང་གཞིས་རྩེ། ཉིང་ཁྲི། ལྷོ་ཁའི་ལྷོ་རྒྱུད། ནག་ཆུ། མངའ་རིས་བཅས་ཀྱི་ས་ཆ་ཁག་གཅིག་ལ་གངས་མ་ཆར་འབབ་འདུག དེའི་ཁྲོད་སྐྱིད་གྲོང་དུ་ཆར་ཆུ་འབབ་ཚད་ཧའོ་སྨི26ཟིན་པ་དང་། མལ་གྲོ་གུང་དཀར་དུ་ཆར་ཆུ་འབབ་ཚད་ཧའོ་སྨི་7.3ཟིན་པ། ལྷ་རིར་གངས་འབབ་ཚད་ཧའོ་སྨི་6.9ཟིན་པ་དང་མཐུག་ཚད་ལི་སྨི་4ཟིན་པ། ཕག་རིར་གངས་འབབ་ཚད་ཧའོ་སྨི་6.6ཟིན་པ་དང་མཐུག་ཚད་ལི་སྨི་6ཟིན་འདུག

    ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་རླུང་ཁམས་ཆེ་མོའི་བརྟག་ཞིབ་ཐིག་ལེན་ལྟེ་གནས་ཀྱི་ལྟ་དཔྱད་ཚད་འཇལ་བ་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁུལ་དུ་ཟླ་3ཚེས་31ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་58ནས་གངས་མ་ཆར་འབབ་འགོ་ཚུགས་པ་དང་ཞོགས་པའི་ཆུ་ཚོད་9དང་སྐར་མ་44ཙམ་ལ་གཞི་ནས་འབབ་མཚམས་ཆད་ཡོད། རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧའོ་སྨི་3.0ཟིན་པ་དང་བལྟོས་བཅས་ཀྱི་རློན་ཚད་ཆེ་ཤོས་91﹪ཟིན་ཡོད་པ་རེད།

    “གྲོང་ཁུལ་གྱི་དྲོད་ཚད་མཐོ་ཙམ་ཡོད་པས་ཆར་པ་འབབ་པ་དང་མཐའ་འཁོར་གྱི་ས་བབ་མཐོ་བའི་རི་འགོར་གངས་བབས་པ་དང་འབྲེལ་གཞི་ཁྱོན་ཆེ་བའི་གངས་གསོག་ཐེབས་ཡོད”ཅེས་ཉི་མས་བཤད།

    གཞན་ཡང་། རང་སྐྱོང་ལྗོངས་གནམ་གཤིས་ཞབས་ཞུ་ལྟེ་གནས་དང་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལམ་དྲ་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གནས་ཚུལ་སྤེལ་བར། མིག་སྔར། རྒྱལ་ལམ་214ཆབ་མདོའི་སྐེད་ལའི་ཉག་ཁ་དང་རྒྱལ་ལམ་318བར་ལ་ཕུག་ལམ་དུ་གངས་བབས་ནས་མཐོང་ཚད་དམའ་བ་དང་། རྒྱལ་ལམ་559རྫ་ཡུལ་རྫོང་དེ་མོ་ལའི་ལམ་དུམ་བུ་དང་རྒྱལ་ལམ་109གདང་ལའི་ཉག་ཁ་དུ་གངས་གསོག་ཐེབས་པ་དང་འཁྱག་པ་འཁྱགས་ནས་འགྲོ་ལམ་དུ་འདྲེད་བརྡར་ཤོར་སླ་བས་འགྲོ་འོང་བྱེད་མཁན་ཁ་ལོ་བས་གཟབ་ནན་ངང་རླངས་འཁོར་བཏང་སྟེ་འགྲིམ་འགྲུལ་བདེ་འཇགས་ཡོང་བ་བྱེད་དགོས་པའི་དྲན་སྐུལ་བྱས་འདུག

    རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡ་ལས་མངོན་པར། སྔོན་དཔག་བྱས་ན། མ་འོངས་ཆུ་ཚོད་24ཡི་རིང་ཉིང་ཁྲི་དང་ནག་ཆུའི་ཤར་རྒྱུད་དུ་གངས﹙ཆར་པ﹚ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས﹙ཆར་པ﹚འབྲིང་བ་འབབ་རྒྱུ། ལྷ་ས་དང་ལྷོ་ཁ། ཆབ་མདོ་བཅས་སུ་གནམ་འཐིབ་ནས་གངས﹙ཆར་པ﹚ཆུང་བ་འབབ་རྒྱུ་དང་ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་རེད་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།