[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཏན་འབེབས་གསར་པ་ཁག་གཅིག་ལག་ལེན་བསྟར་འདུག ཞིབ་ཕྲ…

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-02

    གཏན་འབེབས་གསར་པ་ཁག་གཅིག་ལག་ལེན་བསྟར་རྒྱུ་རེད་འདུག གཏན་འབེབས་འདི་རིགས་ང་ཚོའི་འཚོ་བ་དང་འབྲེལ་བ་འདུག་གམ། འབྲེལ་བ་ཡོད་མེད་ཐད་གཤམ་ལ་རེ་རེ་བཞིན་ཞུ་རྒྱུ་ཡིན་པས། ཚང་མས་གཟིགས་རོགས་གནང་། 

    1.རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་དཀར་ཆག་གསར་པར་སྨན་སྣ་ཁ་165ཁ་སྣོན་བརྒྱབ་འདུག

    ཟླ་10ཚེས་25ཉིན། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་དཀར་ཆག(2018ལོའི་པར་གཞི)པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་དང་། 2012ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་དཀར་ཆག་གི་རྨང་གཞིའི་ཐོག་སྨན་སྣ་ཁ་165ཁ་སྣོན་བརྒྱབ་ཅིང་། གྲུབ་ཆ་སྔར་བས་ལེགས་སུ་དང་། སྨན་གྱི་བཟོ་ལྟ་དང་ཚད་གཞི་ཚད་ལྡན། ནད་ཐོག་སྨན་བཅོས་ཐད་སྤྱོད་ཚད་བཅས་ཆེ་རུ་བཏང་བ་མ་ཟད། ཀྲུང་ཕྱི་སྨན་གཉིས་གལ་ཆེ་མཉམ་དུ་བཞག་སྟེ་དེ་རིང་ནས་བཟུང་ལག་ལེན་བསྟར་འདུག 

    དཀར་ཆག་གསར་པ་བཀྲམ་ནས་ལག་ལེན་བསྟར་བ་དེས། ནད་ཐོག་སྨན་བཅོས་ཀྱི་ནད་གཞི་གཙོ་བོར་སྤྱོད་ཐུབ་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་དང་མཐུན་པ། གཞི་རྩའི་སྨན་རྫས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བར་རྨང་གཞིའི་འདེགས་སྐྱོར་བཅས་བྱེད་ཀྱི་ཡོད་པས། མི་དམངས་མང་ཚོགས་ཀྱི་ནད་གཞི་སྔོན་འགོག་དང་སྨན་བཅོས་ཐད་སྨན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། 

    2.《སྤྱི་བདེ་ལས་ཁུངས་ཀྱི་དྲ་སྦྲེལ་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་སྐོར་གྱི་གཏན་འབེབས》ལག་ལེན་བསྟར་འདུག

    《གཏན་འབེབས》ལྟར་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་བདེ་འཇགས་ཀྱི་དགོས་མཁོ་དང་། ཉེན་ཁ། མངོན་མེད་རྐྱེན་ངན་བཅས་འགོག་ཟོན་བྱེད་པའི་གནས་ཚུལ་ལ་གཞིགས་ནས། དྲ་སྦྲེལ་ཞབས་ཞུ་མཁོ་འདོན་དང་དྲ་སྦྲེལ་སྤྱོད་མཁན་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་རེད། 

    སྤྱི་བདེ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་རིང་། ལས་གཉེར་བྱ་ཡུལ་དང་། འཕྲུལ་འཁོར་ཁང་། ལས་ཡུལ་དངོས་བཅས་སུ་བསྐྱོད་དེ། འགན་འཁུར་མི་སྣའམ་ཡང་ན་དྲ་རྒྱའི་བདེ་འཇགས་དོ་དམ་མི་སྣས་ལྟ་སྐུལ་ཞིབ་བཤེར་གྱི་དོན་ཚན་ལ་གསལ་བཤད་དང་། ལྟ་བཤེར། པར་སློག་བཅས་རྒྱག་རྒྱུའི་རེ་བ་བཏོན་ནས་དྲ་སྦྲེལ་གྱི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་འབྲེལ་ཡོད་ཆ་འཕྲིན་དང་། དྲ་རྒྱ། ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་གི་ལག་རྩལ་སྤྱོད་ཚུལ་ལ་ལྟ་བཤེར་སོགས་ཀྱི་བྱ་ཐབས་སྤྱོད་ཆོག་གི་ཡོད། 

    3.ཚོང་ཟོག་ཁག་གཅིག་གི་ནང་འདྲེན་སྒོ་ཁྲལ་དམའ་རུ་བཏང་འདུག

    ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། 2018ལོའི་ཟླ་11ཚེས་1ཉིན་ནས་བཟུང་། ཚོང་ཟོག་ཁག་གཅིག་གི་ཁྲལ་ཚད་དམའ་རུ་བཏང་འདུག

    ད་ཐེངས་ཀྱི་དཔྱ་ཁྲལ་དམའ་རུ་གཏོང་དོན་ནི་ཐོན་སྐྱེད་ལ་མཁོ་བའི་འཕྲུལ་གློག་སྒྲིག་ཆས་དང་། ལྷུ་ལག་ཆེ་ཆུང་། མ་བཅོས་རྒྱུ་ཆ་སོགས་ཀྱི་བཟོ་ལས་ཐོན་རྫས་ཀྱི་ཁྲལ་དམའ་རུ་གཏོང་རྒྱུ་ཡིན་པ་དང་། རྒྱལ་ནང་ཁེ་ལས་ཀྱི་ཐོན་སྐྱེད་མ་གནས་དམའ་རུ་བཏང་སྟེ་ཁེ་ལས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ། རང་རྒྱལ་ཐོན་རྫས་ཀྱི་སྤུས་གོང་བསྡུར་ཚད་རིམ་བཞིན་ལེགས་སུ་བཏང་སྟེ། མི་སེར་ལ་ཕན་པ་བསྐྲུན་རྒྱུ་དེ་རེད། 

    4.“ཚོང་གཉེར་དང་ཆོག་འཐུས་ལག་ཁྱེར་ལོགས་དབྱེ”སྒྱུར་བཅོས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྩིས་འདུག  

    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་སུ“ཚོང་གཉེར་དང་ཆོག་འཐུས་ལག་ཁྱེར་ལོགས་དབྱེ”སྒྱུར་བཅོས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། 2018ལོའི་ཟླ་11པའི་ཚེས་10ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁག་དང་པོའི་ཁེ་ལས་ཀྱི་སྲིད་འཛིན་མཆན་འགོད་དོན་ཚན་ཁག་106ལ་ཐད་ཀར་ཞིབ་མཆན་འགོད་རྒྱུའི་དོན་ཚན་མེད་པ་བཟོས་པ་དང་། ཞིབ་མཆན་འགོད་རྒྱུ་དེ་ཐོ་འགོད་སྙན་སེང་ལ་བསྒྱུར་བ། ལན་སྤྲོད་དམ་བཅའ་ལག་ལེན་བསྟར་བ། ཆོག་འཐུས་ཞབས་ཞུ་ལེགས་སུ་བཏང་ནས“ཚོང་གཉེར་དང་ཆོག་འཐུས་ལག་ཁྱེར་ལོགས་དབྱེ”སྒྱུར་བཅོས་ལག་ལེན་བསྟར་རྒྱུ་རེད། 

    5.ཐོན་རྫས་ཁག་གཅིག་གི་ཕྱིར་གཏོང་ཁྲལ་སློག་གི་ཚད་གཞི་མཐོ་རུ་བཏང་འདུག

    ཟླ་10ཚེས་25ཉིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་མཉམ་དུ་བརྡ་ཐོ་བཏང་ནས། དཔྱ་ཁྲལ་ལམ་ལུགས་སྔར་བས་སྟབས་བདེ་དང་ཕྱིར་གཏོང་ཁྲལ་སློག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་ཆེད། ཐོན་རྫས་ཁག་གཅིག་གི་གནས་ཐང་འཕར་ཁྲལ་དང་ཕྱིར་གཏོང་ཁྲལ་སློག་ལེགས་སྒྲིག་བྱ་རྒྱུ་མ་ཟད། ད་ལོའི་ཟླ་11ཚེས་1ཉིན་ནས་ལག་ལེན་བསྟར་འདུག

    གཏན་འབེབས་དེའི་ནང་སྤྱིན་ཤོག་འགྲིལ་མ་དང་། འགྱིག་རྫས། སྨྱུག་མའི་པང་གཅལ། རྩྭ་བཟོས་ཐོན་རྫས། གློག་སྒྲོན་ཡོ་བྱད་སོགས་ཐོན་རྫས་ཀྱི་ཕྱིར་གཏོང་ཁྲལ་སློག་བྱེད་ཚད་16%བར་མཐོ་རུ་བཏང་བ་དང་། འཇམ་རྩི་དང་། གནམ་གྲུའི་འཁོར་ལོ། ཐཱན་གྱི་ཚི་སྣ། ལྕགས་རིགས་ཐོན་རྫས་ཁག་གཅིག་གྱི་ཕྱིར་གཏོང་ཁྲལ་སློག་བྱེད་ཚད་13%བར་མཐོ་རུ་བཏང་བ། ཞིང་ལས་ཐོན་རྫས་དང་། སོ་ཕག ཤེལ་ཚི་སོགས་ཀྱི་ཕྱིར་གཏོང་ཁྲལ་སློག་བྱེད་ཚད་10%བར་མཐོ་རུ་བཏང་བ་མ་ཟད། སྲན་ཆག་ཐོན་རྫས་ཀྱི་ཕྱིར་གཏོང་ཁྲལ་སློག་མེད་པར་བཟོས་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།