[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • དོ་སྣང་གནང་རོཊ། ལས་བྱེད་པ་ཚོས་ཞལ་ལག་འདི་རིགས་མཆོད་རྒྱུ་མི་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-29

    རྒྱལ་སྟོན་འཆར་ལ་ཉེ་བའི་མཚམས་འདིར། གསོལ་སྟོན་གང་དག་ལ་འགྲོ་ཆོག་མིན་ཐད། 《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང“འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་གཞུང་དངུལ་བཏང་ནས་གསོལ་སྟོན་དང་། རྒྱས་སྤྲོས་ལོངས་སྤྱོད། ལུས་སྦྱོང་བྱེད་སྒོ་བཅས་སྒྲིག་འཛུགས”བྱེད་པ་དང་དེ་བཞིན“གཞུང་དྲང་ངང་གཞུང་དོན་སྒྲུབ་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་བཤམས་པ་དང་ཞུགས་ཚེ”སྤྱོད་གཙང་སྒྲིག་ཁྲིམས་ལས་འགལ་བ་རེད་ཅེས་གཏན་འབེབས་ཁ་གསལ་བྱས་ཡོད། 

    ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གསོལ་སྟོན་དེ་དག་ལྟ་སྡོམ་བྱེད་ཁོངས་སུ་བཅུག་པས་ཡིད་གཟབ་བྱེད་དགོས་ཀྱི་འདུག

    གཅིག གཞུང་ལས་ལ་ཁ་གཡར་བའི་གསོལ་སྟོན་ལ་ཡིད་གཟབ་བྱེད་དགོས། 

    ཚན་པ་ཁག་གཅིག་གིས་ལས་ཁུངས་ཀྱི་ཟ་ཁང་དུ་གཞུང་ལས་ལ་ཁ་གཡར་ནས་གསོལ་སྟོན་བཤམས་ཏེ་སྣེ་ལེན་བྱེད་ཀྱི་ཡོད། ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྒྲིག་འགལ་གྱི་གཞུང་ལས་ལ་ཁ་གཡར་བའི་གསོལ་སྟོན་དེ་རིགས་ལ་འགྲོ་མི་རུང་། 

    གཉིས། མནའ་མ་བསུ་ལེན་དང་དུར་སྐྱེལ་བརྒྱུད་ནས་རྒྱུ་ནོར་ལེན་པར་དོགས་ཟོན་བྱེད་དགོས། 

    ལས་བྱེད་པ་འགའ་ཞིག་གིས་དོ་དམ་བྱ་ཡུལ་ནས་ལག་རྟགས་ལེན་པ་ལས་གསོལ་སྟོན་ལ་ཞུགས་ཀྱི་མེད། ཧྲང་རའོ་གྲོང་ཁྱེར་ཡུས་ཧྲན་རྫོང་སྨན་བཅོས་འགན་ལེན་ཅུས་ཀྱི་ཅུས་ཀྲང་ཡིའུ་ཀྲན་མིང་གིས་དེ་སྔ་བྱ་ཐབས་དེ་འདྲ་སྤྱད་ནས་སྒྲིག་འགལ་ངང་སྨན་བཅོས་འགན་ལེན་གྱི་གནས་གཏན་འཁེལ་གྱི་དོ་དམ་ཞབས་ཞུ་བྱ་ཡུལ་9ནས་འབུལ་རྟེན་དངུལ་སྒོར་9900བླངས་པ་རེད། 

    གསུམ། ཁེ་ལས་ཀྱིས་བཤམས་པའི་གསོལ་སྟོན་ལ་ཞུགས་མི་ཆོག 

    ཁེ་ལས་སུ་གཞུང་ལས་སྒྲུབ་སྐབས་གསོལ་སྟོན་ལ་ཞུགས་མི་ཆོག་པ་དང་། གལ་སྲིད་ཆ་རྐྱེན་གྱིས་མི་ལྕོགས་པས་དགོས་མཁོ་ཡོད་ཚེ་རང་ཉིད་ཀྱིས་ལྟོ་རིན་སྤྲོད་དགོས། 

    བཞི། ཁེ་ལས་སུ་ངོ་བོ་འགྱུར་བའི་ཟ་འཐུང་བྱེད་མི་ཆོག

    གཞུང་ལས་སྒྲུབ་སྐབས་ཁ་ལག་བཟའ་དགོས་ཚེ་ལས་ཁུངས་ཀྱི་སྣེ་ལེན་ཁང་ངམ་ཡང་ན་སྲིད་གཞུང་གིས་གཏན་འཁེལ་ཟིན་པའི་ཟ་ཁང་དུ་སྐྱོད་དགོས་པ་ལས་ཁེ་ལས་ཀྱི་སྣེ་ལེན་ཁང་དུ་ངོ་བོ་འགྱུར་བའི་ཟ་འཐུང་བྱེད་མི་ཆོག  ད་དུང་ཁེ་ལས་ཀྱིས་སྒྲིག་འཛུགས་བྱས་པའི་གསོལ་སྟོན་བྱེད་སྒོར་ཞུགས་མི་ཆོག་ལ་ཁེ་ལས་ལ་ཚན་པའམ་ཡང་ན་མི་སྒེར་གྱི་གསོལ་སྟོན་བྱེད་སྒོའི་འགྲོ་གྲོན་སྤྲོད་དུ་འཇུག་མི་ཆོག

    ལྔ། གཞུང་དོན་སྒྲུབ་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་ལ་ཞུགས་མི་ཆོག

    དམིགས་བསལ་གྱི་གཞུང་ལས་སྒྲུབ་རིང་རྒྱུན་ལྡན་གྱི་གཞུང་ལས་སྣེ་ལེན་ཕུད། གཞུང་དོན་སྒྲུབ་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པའི་སྟོན་མོར་ཞུགས་མི་ཆོག་ལ། གོ་སྐབས་དེ་སྤྱད་ནས་རྒྱགས་ཟ་རྒྱགས་འཐུང་བྱེད་མི་ཆོག

    དྲུག མནའ་མ་བསུ་ལེན་དང་དུར་སྐྱེལ་གྱི་རྒྱས་སྤྲོས་རྒྱས་གཤོམ་བྱས་པའི་གསོལ་སྟོན་ལ་ཞུགས་མི་ཆོག

    མནའ་མ་བསུ་ལེན་དང་དུར་སྐྱེལ་བྱེད་སྐབས་སྟབས་བདེ་དང་བབ་ཆགས་པོ་བྱེད་པ་ལས་རྒྱས་སྤྲོས་རྒྱས་གཤོམ་དང་རྒྱགས་ཟ་རྒྱགས་འཐུང་བྱ་རྒྱུ་སྔོན་འགོག་བྱེད་དགོས། མནའ་མ་བསུ་ལེན་དང་དུར་སྐྱེལ་བྱེད་སྐབས་མི་གཞན་གྱིས་རྒྱས་སྤྲོས་རྒྱས་གཤོམ་བྱས་པའི་གསོལ་སྟོན་ལ་གང་བྱུང་དུ་མི་ཞུགས་པར་རང་འགུལ་ངང་གཡོལ་དགོས། 

    བདུན། རྒྱུ་ནོར་ལེན་པའི་གསོལ་སྟོན་ཁག་ལ་ཞུགས་མི་ཆོག

    གསོལ་སྟོན་སྣ་ཚོགས་བཤམས་པའི་གོ་སྐབས་ལ་བརྟེན་ནས་དུས་རྒྱུན་འབྲེལ་བ་མེད་པའི་མིས་སྤྲད་པའི་འབུལ་རྟེན་ལེན་པ་ནི་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ཅིག་རེད། ལས་བྱེད་མི་སྣས་རྒྱུ་ནོར་ལེན་པའི་གསོལ་སྟོན་དེ་རིགས་གཉེར་མི་རུང་ལ་ཞུགས་ཀྱང་མི་ཆོག 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།