[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁྲིམས་འགལ་དང་ཉེས་པ་གཉིས་ཀྱི་ངོ་བོ་གཅིག་ཡིན་ནམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ཁྲིམས་འགལ་དང་ཉེས་པ་གཉིས་ཀྱི་དབར་འབྲེལ་བ་ཡོད་ལ་ཁྱད་པར་ཡང་ཡོད། ཁྲིམས་དང་འགལ་བའི་བྱེད་སྤྱོད་ཆུང་གྲས་རྣམས་དོ་དམ་བྱེད་མཁན་མེད་པར་རྒྱ་ཡན་དུ་བཏང་ན། གནོད་འཚེ་ཚབས་ཆེར་འགྲོ་བའི་ཉེས་གསོག་གི་བྱེད་སྤྱོད་དུ་འགྱུར་གྱི་རེད། ཁྲིམས་འགལ་གྱི་བྱ་སྤྱོད་སྤྱིར་བཏང་ཚང་མ་ཉེས་པ་བསགས་པར་བརྩིས་ན། རྩི་ཤིང་ཐམས་ཅད་དགྲ་རུ་མཐོང་བ་ལྟར་རྡུང་རྡེག་གཏོང་ཡུལ་རྒྱ་ཆེ་རུ་འགྲོ་སྲིད། འོན་ཀྱང་སྤྱིར་བཏང་གི་ཁྲིམས་འགལ་བྱེད་སྤྱོད་དེ་གནད་འགག་མེད་པར་བསམས་ནས་རང་དགར་བཞག་ན་དེ་ལས་ལྷག་པའི་ཉེན་ཁ་ཆེན་པོ་ཐོན་སྲིད། གནོད་འཚེ་ཆེན་པོ་བྱུང་རྗེས་གཞི་ནས་དོ་དམ་བྱས་ན་ལྷོགས་ཐབས་བྲལ་བའི་གྱོང་གུན་ཆེན་པོ་རག་སྲིད།


    བཅའ་ཁྲིམས་དང་འགལ་བ་དང་། ལུགས་སྲོལ་དང་འགལ་བའི་བྱ་སྤྱོད་ཐམས་ཅད་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཟེར། འདིར་གླེང་བའི་བཅའ་ཁྲིམས་སུ་ཉེས་ཁྲིམས་ཚུད་ཡོད་ལ། དམངས་ཁྲིམས་དང་སྲིད་འཛིན་གྱི་ཁྲིམས་སོགས་ཀྱང་ཚུད་ཡོད་ཅིང་། ཉེས་པ་བསགས་པ་ནི་ཁྲིམས་འགལ་གྱི་བྱེད་སྤྱོད་ཡིན་པ་སྨོས་མེད་རེད། གནོད་འཚེ་བཏང་བའི་ངོ་བོ་ནས་བལྟས་ན། ཉེས་པ་བསགས་པའི་བྱེད་སྤྱོད་ཚང་མ་ནི་གནོད་འཚེ་ཚབས་ཆེན་བཟོ་མཁན་གྱི་ཁྲིམས་དང་འགལ་བའི་བྱེད་སྤྱོད་ཤ་སྟག་རེད། སྤྱིར་བཏང་གི་ཁྲིམས་འགལ་བྱེད་སྤྱོད་དེར་གནོད་འཚེའི་རང་བཞིན་ངེས་ཅན་ཞིག་ཡོད་ན་ཡང་ཉེས་པ་བསགས་པ་ལས་བྱུང་བའི་གནོད་འཚེ་དང་བསྡུར་ན་ཧ་ཅང་ཁྱབ་ཆུང་ཆུང་ཞིག་རེད། དེར་བརྟེན། སྤྱིར་བཏང་གི་ཉེས་པ་བསགས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་གོ་སྐོན་སློབ་གསོ་གཏོང་རྒྱུ་དང་སྲིད་འཛིན་གྱི་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། དཔེར་ན། བཟོ་གྲྭས་ངལ་རྩོལ་གྱི་སྒྲིག་ལམ་ལ་བརྩི་སྲུང་མ་ཞུས་ན་སྐྱོན་བརྗོད་བྱེད་པ་དང་ཐོབ་ཆའི་རིམ་པ་གཅོག་པ་སོགས་ཀྱི་ཆད་པ་མ་གཏོགས་བཅད་མི་ཆོག་ལ། བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ལག་ཁྱེར་མེད་པའི་ཚོང་པར་དངུལ་ཆད་གཅོད་རྒྱུ་དང་བཀག་སྡོམ་བྱེད་རྒྱུ་ལས་ཆད་པ་གཞན་དག་གཅོད་མི་རུང་། དེ་ཚོ་ཚང་མ་ཉེས་པ་བསགས་པར་བརྩི་མི་རུང་བར་མ་ཟད། མི་དེ་དག་བཙོན་དུ་འཇུག་པ་དང་ཁྲིམས་ཁང་ལ་བསྐྱལ་ནས་ཁྲིམས་ལ་དེ་བས་ཀྱང་སྦྱོར་མི་རུང་། 


    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།