[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • ཚེ་རིང་རྒྱལ་པོས་ཚང་མ་ཡག་པོ་བྱུང་ན་དངོས་འབྲེལ་ཡག་པོ་རེད་ཅེས་བརྗོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-24

    དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་མངའ་རིས་ས་ཁུལ་དུ་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། དུད་ཚང་ཚང་མས་ལོ་གསར་གྱི་གྲ་སྒྲིག་བྱེད་བཞིན་ཡོད། སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོའི་ཚེ་རིང་རྒྱལ་པོ་ནང་མི་ཡོངས་ཀྱི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ལོ་གསར་གྱི་མཁོ་ཆས་ཉོ་བཞིན་མཆིས།

    གསར་འགོད་པ་ཚེ་རིང་རྒྱལ་པོའི་ཁྱིམ་དུ་སླེབས་དུས་ཐོག་མར་མིག་ལམ་དུ་འཆར་བ་ནི་ད་ལོ་གསར་པ་བརྒྱབ་པའི་ཁང་པ་ཉིས་ཐོག་དེ་རེད། རྒྱ་ཁྱོན་ལ་སྨི་ངོས་གྲུ་500ཟིན་པ་དང་མཛེས་ཤིང་བརྗིད་ཆགས་པའི་མཛེས་བཟོ་ལས་དུད་ཚང་དེའི་འབྱོར་ཕྱུག་གི་རྣམ་པ་མངོན།

    དེ་སྔོན་དུད་ཚང་དབུལ་པོ་ཡིན་པའི་ཚེ་རིང་རྒྱལ་པོ་དང་ནང་མི་ཚ་གུར་དུ་ཆུ་དང་གློག་མེད་པའི་འཚོ་བ་སྐྱེལ་གྱི་ཡོད་ལ། ཕྱུགས་ཟོག་ཁ་ཤས་ལས་མེད་པས་ལོ་གཅིག་གི་ཡོང་འབབ་སྒོར་སྟོང་ཕྲག་འགའ་ལས་མེད། 2007ལོར་སླེབས་དུས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཨར་སྐྲུན་གྱི་རྣམ་གྲངས་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་པ་དང་། ཚེ་རིང་རྒྱལ་པོས་གོ་སྐབས་དེ་དང་བསྟུན་ནས་ལས་ཡུལ་དུ་སྐྱེལ་འདྲེན་ཁ་ལོ་བའི་ལས་གནས་ཤིག་བཙལ་བ་རེད། མ་གཞི་ལས་ཀ་དེ་དཀའ་ཚེགས་ཆེ་ཡང་ཁོང་གིས་སྡུག་སྐད་རྒྱག་གི་མེད་ལ། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་3ལྷག་ཟིན་གྱི་ཡོད།

    ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གི་རོགས་སྐྱོར་འོག་ཚེ་རིང་རྒྱལ་པོའི་ཡོང་འབབ་ལོ་རེ་ལས་ལོ་རེར་མང་དུ་ཕྱིན་ཏེ་དབུལ་སྒྲོལ་བྱུང་བ་མ་ཟད། གྲོང་ཚོའི་སྐད་གྲགས་ཆོད་པའི་དུད་ཚང་ཕྱུག་པོར་གྱུར་པ་རེད།

    ལོ་ཁ་ཤས་གོང་དུ། ཚེ་རིང་རྒྱལ་པོས་རྒྱ་སྨུག་གྲོང་ཚོའི་ཉེ་འགྲམ་གྱི་བྱེ་རྡོ་ར་བ་ཞིག་འགན་གཙང་བླངས་ཏེ་གྲོང་ཚོ་དེ་གའི་མང་ཚོགས་7ལས་མིར་བསྡུས་པར་མི་རེར་ཟླ་རེར་གླ་ཕོགས་སྒོར་7500ཟིན་པ་མ་ཟད། མང་ཚོགས་ལ་སོ་སོའི་མོ་ཊ་བཏང་ནས་བྱེ་རྡོ་དབོར་རྒྱུའི་སྐུལ་ལྕག་ཀྱང་བྱས་པ་རེད། དེ་མིན་ད་དུང་ཁོང་གིས་རང་འགུལ་ངང་གྲོང་ཚོའི་ཞིང་འབྲོག་པའི་སྒྲོག་འགྲེལ་པའི་འགན་ཁུར་ཏེ་གྲོང་མི་ཚོར་རང་ཉིད་ཀྱི་ཕྱུག་འགྱུར་ཉམས་མྱོང་སྒེར་སེམས་མེད་པར་བརྗོད་པ་རེད། 2019ལོའི་ཟླ་3པ་ཚུན་དུ། ཁོང་གིས་གནས་གཏན་ཁེལ་གྱིས་གྲོང་ཚོའི་མི་ཧྲེང་རྒན་རྒོན་སྲི་ཆོད་དབང་མོར་རོགས་སྐྱོར་བྱས་ཏེ་དུས་གཏན་འཁེལ་གྱིས་རྒན་རྒོན་ལ་འཚོ་བའི་མཁོ་ཆས་སྤྲད་དེ་རྒན་རྒོན་གྱི་འཚོ་བར་སེམས་ཁྲལ་མེད་པར་བཟོས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་དང་ཚེ་རིང་རྒྱལ་པོ་ལྟ་བུའི་ཕྱུག་འགྱུར་སྣེ་ཁྲིད་པའི་ཁྲིད་སྟོན་འོག་2017ལོར་རྒྱ་སྨུག་གྲོང་ཚོ་བདེ་བླག་ངང་དབུལ་སྒྲོལ་བྱུང་བ་རེད།

    ལོ་གསར་པའི་རེ་འདུན་གླེང་སྐབས། ཚེ་རིང་རྒྱལ་པོས“ད་ཆ་ང་རང་འཚོ་བ་ཡག་པོ་ཡོད་པས། ཚང་མར་རོགས་རམ་བྱེད་རྒྱུ་ནི་ངའི་འོས་འགན་ཡིན། ཚང་མ་ཡག་པོ་བྱུང་ན་དངོས་འབྲེལ་ཡག་པོ་རེད། ངས་རང་གིས་ནུས་པ་ཡོད་ཚད་ལ་བརྟེན་ནས་ཚང་མའི་འཚོ་བ་ཡག་པོ་ཡོང་བར་རོགས་རམ་བྱེད་ཀྱི་ཡིན”ཞེས་བརྗོད།

    གོམ་སྟབས་རྗེས་མར། ཚེ་རིང་རྒྱལ་པོར་ཨར་སྐྲུན་ཀུང་སི་ཞིག་འཛུགས་པའི་འཆར་གཞི་ཡོད་པ་དང་། ཀུང་སིའི་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་བར་ལས་ཞུགས་ཐུབ་པར་བྱས་ཏེ་འཕེལ་རྒྱས་ཀྱི་བགོ་འགྲེམས་མཉམ་རོལ་ཐུབ་པ་བྱ་རྒྱུ་རེད། “ང་རང་ལ་འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་ཏང་དང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་དང་ཁ་བྲལ་ཐབས་མེད། ངས་རང་གི་འཇོན་ཐང་ལ་བརྟེན་ནས་སྲིད་གཞུང་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་། ཚང་མ་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱེད་པ་ནི་ངས་སྒྲུབ་འོས་པ་ཞིག་རེད”ཅེས་ཚེ་རིང་རྒྱལ་པོས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།