[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • སྔ་མོ་བཏབ་པའི་སོན་བཟང་ལ། སྐལ་བཟང་དུས་སུ་འབྲས་བཟང་སྨིན།

    —— སྐྱེམས་སྟོང་བོད་ཤོག་དང་དུང་ལོ་དཀར་པོའི་བོད་ཤོག་གི་སྔ་དེང་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བདེ་སྐྱིད་སྒྲོལ་དཀར། ལྷ་དབང་ཚེ་འཕེལ། བཀྲ་ཤིས་དཔལ་སྐྱིད། གྲགས་པ་དབང་ཆེན། ཏུང་ཤིའུ་ལི། ཀྲུའུ་ནན། ཧན་ཧའེ་ལན།    |    སྤེལ་དུས།   2019-11-09

    x1109ct5_s.jpg

    འདི་ནི་མཉམ་ལས་ཁང་གི་ལས་དོན་མི་སྣས་དུང་ལོ་དཀར་པོའི་བོད་ཤོག་བཟོ་བཞིན་པ།

    བོད་ཤོག་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཤིག་རེད། དེའི་ལག་ཤེས་སྐྱེ་བོ་ཀུན་ཧང་སང་དགོས་པ་ཞིག་ཡོད། བོད་ཤོག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོར་ཚུད་ནས་མི་མང་པོས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། རྒྱུ་ཆ་མི་འདྲ་བ་དང་བཟོ་སྟངས་མི་འདྲ་བའི་དབང་གིས་བོད་ཤོག་གི་སྤུས་ཀ་དང་སྤྱོད་གོ་མི་འདྲ་བ་སྣ་ཚོགས་ཡོད། སྐད་གྲགས་ཡོད་པའི་བོད་ཤོག་ལ་མོན་ཡུལ་གྱི་བོད་ཤོག་དང་། སྙེ་མོའི་བོད་ཤོག སྐྱེམས་སྟོང་གི་བོད་ཤོག་སོགས་མང་པོ་ཡོད་པ་ལས། སྐྱེམས་སྟོང་གི་བོད་ཤོག་ནི་ཀུན་གྱིས་ཁས་ལེན་པའི་བོད་ཤོག་ཡག་ཤོས་དེ་རེད།

    1932ལོར་བསྐྲུན་པའི་སྐྱེམས་སྟོང་ཁང་དམར་ཤོག་བུ་བཟོ་གྲྭ་ནི་སྐབས་དེ་དུས་བོད་ཤོག་བཟོ་གྲྭ་ཆེ་ཤོས་དེ་རེད། སྐབས་དེ་དུས་བོད་ཤོག་བཟོ་གྲྭ་དེ་བོད་ལྗོངས་ཉིང་ཁྲི་རྫོང་སྐྱེམས་སྟོང་ཤང་ཁོངས་སུ་ཡོད། དེ་སྔ་ཡུལ་དེར་བོད་ཤོག་བཟོ་གྲྭ་གསར་པ་ཞིག་དང་རྙིང་པ་ཞིག་ཡོད། དེའི་ནང་ནས་བོད་ཤོག་བཟོ་གྲྭ་རྙིང་པ་དེ་ཤོ་དགའ་གྲོང་ཚོའི་ཤར་ལྷོའི་མཚམས་ཀྱི་དགའ་མོ་གྲོང་ཚོར་ཡོད། བོད་ཤོག་བཟོ་གྲྭ་རྙིང་པ་དེ་ཤིས་རི་ཁ་གྲོང་ཚོའི་ནུབ་བྱང་རྒྱུད་ཀྱི་ཁང་དམར་གྲོང་ཚོར་ཡོད། གནའ་སྔ་མོ་སྐྱེམས་སྟོང་ཤང་གནས་སའི་ཡུལ་དེར་དྭགས་པོ་ཞེས་ཟེར་བས་དྭགས་ཤོག་ཅེས་འབོད་སྲོལ་ཡོད། སྐབས་དེ་དུས་བོད་དངུལ་རྒྱ་ལོ་དང་ཞོར་ལོ་སོགས་ས་གནས་སྲིད་གཞུང་གི་དངུལ་ལོར་བཟོ་བའི་བོད་ཤོག་རྩེ་གྲ་དེ་རེད། སྐྱེམས་ཤོག་གི་རྒྱུ་ཆ་གཙོ་བོ་ནི་ས་གནས་དེ་གའི་མི་ཚོས་འབོད་པའི་ཤོག་ཤིང་ཟེར་བའི་རྒྱུ་ཆ་ཞིག་རེད། རྒྱུ་ཆ་དེ་ལས་བཟོས་པའི་སྐྱེམས་སྟོང་བོད་ཤོག་ཡང་ཞིང་མཁྲེགས་པ་དང་། མཉེན་ཆ་ལྡན་ལ་ངོས་འཇམ་པ། ཤོག་བུའི་མཐུག་ཚད་རན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། ཀུན་གྱིས་ཁས་ལེན་པའི་བོད་ཤོག་ཡག་ཤོས་སུ་བརྩི་གི་ཡོད། འོན་ཀྱང་སྐྱེམས་ཤོག་གི་བཟོ་རྩལ་གཅིག་ནས་རྗེས་ལུས་ཐེབས་པ་དང་། གཉིས་ནས་བཟོ་རིམ་རྙོག་འཛིང་ཆེ་བ། གསུམ་ནས་མ་གནས་མཐོ་ལ་ཐོན་འབོར་ཉུང་བ། བཞི་ནས་སྐྱེམས་ཤོག་བཟོ་རྩལ་རྒྱུན་འཛིན་བ་གཅིག་རྗེས་གཉིས་མཐུད་ངང་ཚེ་ལས་འདས་ནས་ལག་ཤེས་རྒྱུན་འཛིན་མཁན་ཡག་པོ་མ་བྱུང་བ་སོགས་ཀྱི་འགོག་རྐྱེན་ཕྲད་སྟབས་སྐྱེམས་སྟོང་བོད་ཤོག་སྟོངས་ཉེར་གྱུར་ཡོད།

    x1109ct2_s.jpg

    འདི་ནི་བོད་ཤོག་བཟོ་བའི་རྒྱུ་ཆ་ཡིན་པ།

    དཀའ་སྡུག་མྱངས་མཐར་སྐྱིད་པའི་ཉི་མ་ཤར།

    ཕྱིས་སུ་སྐྱེམས་སྟོང་ཤང་སྲིད་གཞུང་གིས་སྐྱེམས་སྟོང་བོད་ཤོག་གི་བཟོ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཆེད། གོང་རིམ་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་ཞུ་ཐེངས་མང་ཕུལ་བ་དང་ཆབས་ཅིག ཤང་དེས་མང་ཚོགས་སྒྲིག་འཛུགས་བྱས་ནས་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་སླར་གསོ་བྱེད་འགོ་ཚུགས། 2008ལོར་སྣང་རྫོང་གིས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་གསུམ་པའི་སྐབས་དང་བསྟུན་ནས། སྐྱེམས་སྟོང་ཤོག་བུ་བཟོ་གྲྭའི་ཤུལ་བཞག་ལ་ཡོངས་བཤེར་བྱས་པ་དང་། 2009ལོར་སྐྱེམས་སྟོང་ཤོག་བུ་བཟོ་གྲྭའི་ཤུལ་བཞག་དེ་རྫོམ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ། ལོ་དེར་སྣང་རྫོང་གིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་ཚོ་ཁག་ཏུ་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་གྱི་དཔྱད་གཞི་བསྡུ་རུབ་དང་ལེགས་སྒྲིག་བྱས་པ། 2010ལོར་སྐྱེམས་སྟོང་བོད་ཤོག་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཁག་བཞི་པའི་གྲས་སུ་བཅུག་སྟེ་ལོ་དེ་རང་ལ་སྐྱེམས་སྟོང་བོད་ཤོག་ལས་སྣོན་བཟོ་གྲྭ་བཙུགས། ཤོག་བུ་བཟོ་གྲྭ་ཐོག་མར་འཛུགས་པའི་སྐབས་སུ་ཕྱོགས་གཅིག་ནས་སྐྱེམས་ཤོག་བཟོ་རྩལ་ལ་མྱུར་སྐྱོབ་རྣམ་པའི་སྲུང་སྐྱོབ་བྱས་ནས་རྒན་རབས་རྒྱུན་འཛིན་པར་བཅར་འདྲི་བྱས་ཏེ་ཤོག་བཟོའི་ངག་རྒྱུན་ཡིག་ཐོག་ཏུ་ཕབ་པ་དང་། ཕྱོགས་གཞན་ཞིག་ནས་ད་ལྟའི་རྒྱུན་འཛིན་བར་སྐྱེམས་ཤོག་བཟོ་རྩལ་ཚོད་ལྟ་ཡང་ཡང་བྱེད་དུ་བཅུག་ནས་དེ་སྔའི་སྐྱེམས་ཤོག་གི་ངོ་མཚར་སླར་ཡང་མངོན་པའི་འབད་བརྩོན་བྱས་ཡོད། 2010ལོར་ས་གནས་སྲིད་གཞུང་གིས་མ་དངུལ་བཏང་བ་དང་ས་གནས་དེ་གའི་མང་ཚོགས་ཀྱིས་ངལ་ནུས་བཏོན་ནས་སྐྱེམས་སྟོང་བོད་ཤོག་ལས་སྣོན་མཉམ་ལས་ཁང་བཙུགས། ད་ཆ་སྐྱེམས་ཤོག་བཟོ་གྲྭ་སྐྱེམས་ཆུའི་འགྲམ་དུ་བཙུགས་པ་དང་ས་ཁྱོན་སྨི་ངོས་གྲུ་1200དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་525ཟིན་ཡོད།

    རྒྱ་ལོད་ནི་སྐྱེམས་སྟོང་བོད་ཤོག་བཟོ་རྩལ་གྱི་རྒྱུན་འཛིན་བ་ཡིན་ཞིང་། སློབ་འབྲིང་ལས་འགྲིམ་མྱོང་མེད་པའི་རྒྱ་ལོད་ཀྱིས་སྐྱེམས་ཤོག་གི་ངོ་མཚར་སླར་ཡང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཆེད། ཁོང་གིས་ལོ་བཞི་ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས། 2010ལོར་བོད་ཤོག་ལས་སྣོན་མཉམ་ལས་ཁང་འཛུགས་སྐབས་གྲོང་མི་མང་པོ་ཞིག་གིས་ལས་ཀ་དེ་བྱེད་འདོད་བྱེད་ཀྱི་མེད། གནས་ཚུལ་དེ་ཤེས་པའི་རྒྱ་ལོད་ཀྱིས་འཕྲལ་མར་གོང་རིམ་ལ་ལས་ཀ་ཁས་བླངས་པ་རེད། དང་ཐོག་ཁོང་གིས་བོད་ཤོག་བཟོ་གྲྭར་ལས་ཀ་བྱེད་མྱོང་བའི་བགྲེས་སོང་ཁག་གཅིག་གི་སར་བསྐྱོད་ནས་བོད་ཤོག་བཟོ་རྩལ་འདྲི་རྟོགས་བྱས་པ་དང་། དེ་ནས་སྐྱེམས་ཤོག་བཟོ་བའི་རྒྱུ་ཆ་དང་ཐོན་སྐྱེད་བརྒྱུད་རིམ་སོགས་ལ་སྦྱངས་པ་མཐར་ཕྱིན་བྱས་པ་མ་ཟད། ད་དུང་ཆེད་མངགས་ལྷ་སར་བསྐྱོད་ནས་བོད་ཤོག་བཟོ་གྲྭ་གཞན་དག་ལ་ལྟ་སྐོར་སློབ་སྦྱོང་བྱས་པ་རེད། 2014ལོར་ཚོད་ལྟ་ཡང་ནས་ཡང་དུ་བྱས་མཐར། སྔ་ཉམས་ལྡན་པའི་སྐྱེམས་ཤོག་བཟོ་ཐུབ་ཅིང་། ད་ཆ་ཁོང་གིས་སྐྱེམས་ཤོག་བཟོ་རྩལ་ལ་བརྟེན་ནས་སྐྱེམས་ཤོག་ལས་བཟོས་པའི་འབྲི་དེབ་དང་། སྐྱེམས་ཤོག་ལས་བཟོས་པའི་རླུང་གཡབ། སྐྱེམས་ཤོག་སྐུ་ཐང་སོགས་ཐོན་རྫས་མང་པོ་གསར་གཏོད་བྱས་པ་མ་ཟད། ད་དུང་སྐྱེམས་ཤོག་བཟོ་གྲྭས་ཤོག་བུའི་སྤུས་ཚད་དང་། ཐོན་ཚད། ཁོར་ཡུག་བཅས་དབར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ཏེ་སྐྱེམས་ཤོག་གི་རིན་ཐང་མངོན་པར་བྱས་ཡོད། གཞན་ཡང་ཇུས་འགོད་པའི་ཟུར་སྣོན་རིན་ཐང་ལ་བརྟེན་ནས་སྐྱེམས་ཤོག་ཐོན་རྫས་ཐོན་སྐྱེད་བྱས་ནས་གནའ་བོའི་ལག་ཤེས་དེར་དེང་རབས་ཀྱི་འཚོ་བའི་ཁྲོད་སླར་ཡང་བཀྲག་མདངས་འཚེར་བར་བྱས་ཡོད།

    བོད་ཤོག་གི་རྒྱུ་ཆར་རབ་འབྲིང་མཐའ་གསུམ་ཡོད། དེའི་ནང་ནས་རྒྱུ་ཆ་ཡག་ཤོས་ཤོག་ལྡུམ་དུང་ལོ་མ་རེད། ཤོག་ལྡུམ་དུང་ལོ་མའི་ཁྲོད་ནས་ས་ནག་དང་ཤུག་ཁྲོད་སོགས་རྫ་དང་བྲག་མེད་སར་སྐྱེས་པ་དེ་ལེགས་ཤོས་རེད། བྱེ་མ་དང་ས་དམར་གཡམ་པར་སྐྱེས་པ་དེ་རྒྱུ་སྲ་ཞིང་ཚོས་དཀའ་བ་དང་ཁ་མདོག་སེར་པོ་ཡིན་པས་ཅུང་ཞན་པ་ཡོད། རྒྱུ་ཆ་འབྲིང་བ་དེ་ཨ་ག་རུའི་ཤུན་པ་རེད། རྒྱུ་ཆ་དེ་ལས་བཟོས་པའི་ཤོག་བུའི་ཁྱད་ཆོས་ནི་ཤོག་བུ་མཐུག་ཅིང་ལེགས་པས་གླེགས་བམ་སོགས་བྲི་གཞིར་བྱས་ན་ཡག་པོ་ཡོད། རྒྱུ་ཆ་མཐའ་མ་ནི་རེ་ལྕག་གི་རྩ་བ་དེ་རེད། རེ་ལྕག་གི་རྩ་བར་དུག་ཡོད་པས་རྒྱུ་ཆ་དེ་ལས་བཟོས་པའི་ཤོག་བུར་འབུ་མི་རྒྱག་པའི་ཁྱད་ཆོས་ཡོད། སྐྱེམས་ཤོག་གི་རྒྱུ་ཆ་ནི་ཨ་ག་རུའི་ཤུན་པ་རེད།

    x1109ct3_s.jpg

    འདི་ནི་རྒྱག་ལོད་ཀྱིས་བོད་ཤོག་སྣ་ཚོགས་སྟོན་པ།

    སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་དར་སྤེལ་བཏང་།

    བཞི་ཁ་མི་རིགས་མོན་པ་གྲོང་ཚོ་ནི་2003ལོར་མེ་ཏོག་རྫོང་དགའ་ལྡན་ཤང་གི་གྲོང་ཚོ་གཉིས་ཟླ་སྒྲིལ་བཏང་ནས་སྨན་གླིང་རྫོང་ཁོངས་སུ་གནས་སྤོས་པའི་གནས་སྤོས་གྲོང་གསར་ཞིག་རེད། བོད་པ་དང་། མོན་པ། ལྷོ་པ་བཅས་མི་རིགས་གསུམ་ལས་གྲུབ་པའི་བཞི་ཁ་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་གཙོ་བོ་སྲིད་གཞུང་གི་ཁ་གསབ་དང་ཞིང་འབྲོག་ལས་ཐོན་སྐྱེད་ལ་རྟེན་གྱི་ཡོད།

    2015ལོའི་ཟླ་3པར་བཞི་ཁ་མོན་པ་གྲོང་ཚོའི་དུད་ཚང་ལྔ་ཡིས་རྐང་དངུལ་སྒོར་ཁྲི་5རེ་བཏོན་པ་དང་སྲིད་གཞུང་གི་རོགས་སྐྱོར+ མཉམ་ལས་ཁང+འཇོན་ཐང་ཅན+དུད་ཚང་དབུལ་པོའི་བྱེད་སྟངས་བརྒྱུད་དུང་ལོ་དཀར་པོའི་བོད་ཤོག་ལས་སྣོན་མཉམ་ལས་ཁང་བཙུགས་པ་ཞིག་རེད། ཕྱིས་སུ་ཉིང་ཁྲི་གྲོང་ཁྱེར་དང་སྨན་གླིང་རྫོང་རིམ་གཉིས་སྲིད་གཞུང་གིས་སྒོར་ཁྲི་490ལྷག་ཙམ་བཏང་ནས་བཞི་ཁ་གྲོང་ཚོར་ས་ཁྱོན་སྨི་ངོས་གྲུ་689ཟིན་པའི་བོད་ཤོག་ཐོན་སྐྱེད་དང་། ཤིང་བརྐོས། སྤོས་ཐོན་སྐྱེད། ཡུལ་སྐོར་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་འདུས་རང་བཞིན་གྱི་ཡུལ་སྐོར་མྱོང་རོལ་ཁང་ཞིག་བཙུགས་པ་རེད། མཉམ་ལས་ཁང་བསྐྲུན་རྗེས་ལས་ཞུགས་ལས་གནས་30ཙམ་ཐག་གཅོད་བྱས་པ་མ་ཟད། ད་དུང་བཞི་ཁ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལོ་ལྟར་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད།

    x1109ct1_s.jpg

    འདི་ནི་ཐུབ་བསྟན་གྱིས་དངོས་རྫས་ངོ་སྤྲོད་བྱེད་པ།

    མཉམ་ལས་ཁང་གི་འགན་ཁུར་བ་ཐུབ་བསྟན། 

    སྡེ་དགེ་པར་ཁང་དུ་ཤིང་པར་བརྐོས་པ་དང་བོད་ཤོག་ལས་སྣོན་བྱས་ནས་ལོ་20ལྷག་ཙམ་སོང་བའི་ཐུབ་བསྟན་གྱིས། བོད་ཤོག་བཟོ་བའི་སྲོལ་རྒྱུན་གྱི་ལག་ཤེས་རྒྱུན་འཛིན་དང་འཕེལ་རྒྱས་གསར་གཏོད་བྱས་ཏེ་དུང་ལོ་དཀར་པོའི་བོད་ཤོག་སྤུས་རྟགས་བཏོད་པ་རེད། ལོ་མང་རིང་ཁོང་གི་འབད་བརྩོན་འོག དེ་ནས་ཐོན་སྐྱེད་བྱས་པའི་བོད་ཤོག་ལྗོངས་ཕྱི་ནང་དུ་བྲིན་ཁ་རྒྱུག་པ་མ་ཟད། བོད་ཤོག་གི་སྤུས་ཀ་ལེགས་ལ་འཛད་སྤྱོད་པའི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པས། ཁྱབ་ཁོངས་དེར་མཚན་སྙན་མང་པོ་ཐོབ་ཡོད། མཉམ་ལས་ཁང་དེས་ཁྲོམ་རའི་དགོས་མཁོ་ལྟར་བོད་ཤོག་ཆེ་ཆུང་སྣ་ཚོགས་མངགས་བཟོ་བྱེད་པས། འཛད་སྤྱོད་པ་མང་པོའི་དགའ་བསུ་ཐོབ་ཡོད། ཁོང་གིས་སྲོལ་རྒྱུན་གྱི་བོད་ཤོག་ལག་རྩལ་ལ་བརྟེན་ནས་འབྲི་དེབ་དང་། ལྒང་བཞུ། ཡིག་སྐོགས། ཐང་ག་སོགས་ཐོན་རྫས་ཕུན་སུམ་ཚོགས་པོ་བཏོན་ཡོད།

    ཐུབ་བསྟན་གྱིས། “ད་ལྟ་བོད་ཤོག་གི་ཐོན་རྫས་སྣ་ཁ་མང་པོ་མེད། ང་ཚོའི་བོད་ཤོག་མང་ཆེ་བ་གནའ་དཔེའི་ཤིང་པར་ལ་སྤྱོད་ཀྱི་ཡོད། དེ་ལྟར་ཡུན་རིང་སོང་ཚེ། ཁྲོམ་རའི་འགྲན་རྩོད་ཤུགས་ཆེན་པོ་མེད་པས་ཕྱིས་སུ་རིམ་བཞིན་བཞི་ཁ་གྲོང་ཚོའི་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཐང་ག་བཞེངས་སུ་འཇུག་རྩིས་ཡོད”ཅེས་བཤད་བྱུང་།

    ཁོང་གིས་ཐོན་སྐྱེད་བྱས་པའི་བོད་ཤོག་མཁོ་མང་སྤྲོད་ཉུང་རྐྱེན་གྱིས་ཕྱིས་སུ་བོད་ཤོག་ཐོན་སྐྱེད་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་རྩིས་ཡོད། ད་ལྟ་ཁོང་གིས་དུང་ལོ་དཀར་པོ་བོད་ཤོག་ལས་སྣོན་མཉམ་ལས་ཁང་གཉེར་སྐྱོང་བྱེད་པ་ཕུད། ད་དུང་རྟེན་རྫས་བཤམས་མཛོད་ཁང་ཆུང་ངུ་ཞིག་བཙུགས་ནས། ཡུལ་སྐོར་བ་དེ་བས་མང་པོ་དེ་གར་ཡུལ་སྐོར་དུ་ཡིད་དབང་འགུག་པ་དང་ཆབས་ཅིག དེ་གའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྩིས་ཀྱང་ཡོད་ཅེས་བཤད།

    x1109ct4_s.jpg

    འདི་ནི་བཞི་པ་མོན་པ་གྲོང་ཚོའི་བོད་ཤོག་བཟོ་རྩལ་ཉམས་ལེན་ཁང་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།