[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • ལྷ་ས་སྡེ་ཁུལ་གྱི་གྲོང་མིས་འགྱུར་ལྡོག་སྐོར་གླེང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-09

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། རྗེ་འབུམ་སྒང་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་གནས་པ་དང་། རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི་12.7ཡོད་པ་དང་དེ་གར་དུད་ཚང་920དང་གྲོང་མི་2762འཚོ་སྡོད་བྱེད་ཀྱི་ཡོད།

    རྗེ་འབུམ་སྒང་ཁུལ་དུ་འཆམ་འཆམ་ལ་བསྐྱོད་ཚེ་ཁོད་སྙོམས་ལ་གཙང་སྦྲ་དོད་པའི་རྡོ་གཅལ་ལམ་བུའི་ཐོག་མི་ཚོགས་ཀྱིས་ཁེངས་པ་དང་། ཁྲོམ་གཞུང་གཅིག་དང་སྲང་ལམ་གཉིས་ཀྱི་ཚོང་ཁང་དག་གཙང་ཞིང་གྲལ་འགྲིག་པ། ལམ་སྒྲོན་དང་། སྤྱི་པའི་གསང་སྤྱོད། སྡེ་ཁུལ་གྱི་བྱེད་སྒོ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཡོད་ཚད་ཚང་མ་འཛོམས་ཡོད། སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་སྡེ་ཁུལ་དེ་ནས་དམིགས་བསལ་གྱི་མཛེས་ཉམས་ཤིག་མཐོང་ཐུབ།

    བསྐྱར་སྐྲུན་ཐེངས་གསུམ་བྱས་པ་བརྒྱུད་དེ་གར་གློག་དྲ་འཁྲིད་ཟིན་པ་དང་། ཁོར་ཡུག་མཛེས་སྡུག་ལྡན་པ། ཆུ་ཀ་ལ་དུད་ཚང་དུ་ཤར་གཏོང་ཐུབ་པ་སོགས་བྱུང་བ་མ་ཟད། འགྲོ་ལམ་མཁྲེགས་འགྱུར་དང་། ལྗང་མདོག་འདུ་འགོད་ཀྱང་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་ཟིན་ནས་སྡོད་ཁང་གི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

    ལོ་85ལ་སླེབས་པའི་རྒན་མོ་རིག་འཛིན་རྗེ་འབུམ་སྒང་དུ་འཚོ་བ་བསྐྱལ་ནས་ལོ་60ཏག་ཏག་སོང་བ་དང་། ཁོང་གིས་དེ་གའི་འགྱུར་ལྡོག་ཆེན་པོའི་བདེན་དཔང་བྱེད་ཀྱི་ཡོད། ལག་པས་མ་ཎི་བསྐོར་ནས་ཁྲོམ་གཞུང་དུ་འཆམ་འཆམ་ལ་སྐྱོད་སྐབས། ངལ་དུབ་ཀྱིས་མནར་ཚེ་ཇ་ཁང་དུ་ཇ་མངར་མོ་པེ་ཙི་གང་འཐུང་བར་འགྲོ་བ་ནི་རྒན་མོ་ཁོང་གི་ཉིན་གཅིག་གི་བློ་བདེ་བག་ཕེབས་ཀྱི་དུས་ཚོད་ཅིག་རེད།

    འོན་ཀྱང་བོད་རྙིང་པའི་བཀྲེས་ལྟོགས་དང་ངལ་དུབ་ནི་ཁོང་གི་དྲན་ཤེས་ཟབ་ཤོས་ཤིག་ཡིན་པ་སྟེ། “ཆུང་དུས་གཞིས་ཀར་གཡོག་མོ་བྱས་ནས་གོས་འཁྲུ་བ་དང་། ལྟོ་བཟོ་བ། ཁང་པར་གད་བདར་བྱེད་ཀྱི་ཡོད་ཀྱང་། རྟག་ཏུ་ལྟོས་གྲོད་པ་རྒྱགས་ཀྱི་མེད”

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། རིག་འཛིན་ལྦ་པ་གླིང་ནས་རྗེ་འབུམ་སྒང་དུ་སྤོས་པ་དང་། སྟག་ལུང་སྒོ་རར་འཚོ་བ་བསྐྱལ་བས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་རུ་ཁག་གསུམ་པའི་བཟོ་པ་ཞིག་ཏུ་གྱུར། མ་གཞི་འཆིང་རྒྱ་ལས་བྲལ་ཡང་འཚོ་བ་ནི་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། “སྐབས་དེ་དུས་ས་ཕག་གི་ཁང་པར་ཆར་པ་བབས་ན་ཐིག་པ་རྒྱག་པ་དང་། སྒོ་ར་གཅིག་ལ་གསང་སྤྱོད་གཅིག་ལས་མེད་པས་སྒོ་ར་ཡོངས་རྫོགས་དྲི་ངན་གྱིས་ཁེངས་ཀྱི་ཡོད”

    ད་ཆ་རིག་འཛིན་དང་བཟའ་ཟླ་བློ་བཟང་ནོར་བུ་གཉིས་ཀ་ལོ་བརྒྱད་ཅུ་དགུ་བཅུར་སླེབས་ཀྱི་ཡོད། རིག་འཛིན་གྱིས“འཚོ་བ་ཡག་པོ་འདི་འདྲ་ཡོད་སྟབས། ལོ་ཁ་ཤས་མ་ཤི་ཚེ་རིང་བྱུང་ན་བསམ་གྱི་འདུག”ཅེས་སེམས་གཏིང་ནས་བཤད།

    མིག་མཐོང་ལག་འཛིན་གྱི་འགྱུར་ལྡོག་འདི་དག་ལས་མང་ཚོགས་ཚོར་ཐོབ་ཚོར་ཆེན་པོ་བྱུང་བ་དང་། དེ་ནི་དངོས་འབྲེལ་གྱི་བདེ་སྐྱིད་ཅིག་རེད་ལ། གངས་ལྗོངས་ས་མཐོར་ལོ་བཅུ་ཕྲག་ཁ་ཤས་འབད་འབུངས་བྱས་པའི་འཕེལ་རྒྱས་ཀྱི་མཚོན་བྱེད་ཅིག་དེ་བས་རེད།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་རིང་། བོད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། གྲོང་མིས་ཤོད་པའི་འཕོ་འགྱུར་ཡང་མུ་མཐུད་མང་དུ་འགྲོ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།