[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • དུས་བདེའི་བོད་ལྗོངས་ཀྱིས་ཞི་མཐུན་རོལ་དབྱངས་དཀྲོལ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-09

    ཏང་ཡོན་ལས་བྱེད་པས་གྲོང་ཚོར་བཅའ་སྡོད་བྱས་ཏེ་གཞི་རིམ་ལ་ཞབས་འདེགས་ཞུས་པ་དང་དུད་སྦྲེལ་ཚན་པས་ཕན་ཚུན་རོགས་རམ་གྱིས་ཐུན་མོང་འཕེལ་རྒྱས་བཏང་སྟེ“ཡོད་པ་དགུའི”འདུ་འགོད་དང“ འགན་བཅོལ་གཉིས་དང་འགན་སྲུང་གཅིག”གིས་རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱས་པ།

    ད་ཕན་ལོ་ཤས་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང”བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱེད་པ། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི”བཅས་ལ་དམ་པོར་དམིགས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་ལམ་སྲོལ་སྒྲིག་སྲོལ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཐའ་མཚམས་མི་རིགས་ས་ཁུལ་གྱི་བརྟན་ལྷིང་འཕེལ་རྒྱས་ལམ་བུ་ཞིག་བཅས་བཏོད་དེ་གངས་ལྗོངས་ས་མཐོའི་ཞི་མཐུན་བརྟན་ལྷིང་གི་སྙན་འཇེབས་ལྡན་པའི་རོལ་དབྱངས་ཤིག་དཀྲོལ་ཡོད།

    གཞི་རིམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་དང་བརྟན་ལྷིང་གི་གཞི་རྩ་བརྟན་པོ་ཡོང་བ་བྱས་པ།

    རྒྱ་ཆེའི་ཞིང་འབྲོག་པའི་དར་ཆ་གསལ་སྟོན་མེད་པའམ་ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་མེད་ཚེ་བོད་ལྗོངས་ཡུན་རིང་བདེ་འཁོད་གླེང་ཐབས་བྲལ་བ་ལོ་རྒྱུས་ཉམས་མྱོང་གིས་ང་ཚོར་བཤད་ཡོད།

    རང་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཡིན་པའི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོའི་ནང་2011ལོར་ལས་ཁུངས་ཀྱི་ལས་བྱེད་པ་ཁྲི་2ལྷག་ཙམ་གྱིས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ་དང་མང་ཚོགས་ཀྱི་རེ་བ་སེམས་ལ་བཅངས་ནས་སྲིད་འཛིན་གྲོང་ཚོ(གྲོང་ལྷན)5464རུ་བསྐྱོད་དེ་གྲོང་ཚོར་བཅའ་སྡོད་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་ལས་དོན་སྤེལ་ཡོད།

    བྱེད་སྒོ་སྤེལ་ཚུན་གྲོང་ཚོར་བཅའ་སྡོད་ལྗོངས་ཡོངས་ཀྱི་རིམ་ཁག་ལས་དོན་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་ནས་དབུལ་པོར་འཚམས་འདྲི་དང་བདེ་སྡུག་འདྲི་བ་དང་། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན། ལས་ཀའི་ལམ་སྲོལ་བསྐྲུན་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་ཟླ་གྲལ་བཤེར་ཧུར་ཐག་བྱེད་པ་སོགས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩ་དེ་དམ་པོར་འཛིན་པ། སླ་བཅོས་སྤུ་ཙམ་ཡང་མི་བྱེད་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྲད་པའི་གཟི་བརྗིད་ལས་འགན་ཡག་པོ་སྒྲུབ་པ། སེམས་གཏིང་ནས་ཏང་གི་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་པའི་མང་ཚོགས་ཀྱི་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་ཀྱི་དུས་བབ་སྔར་བས་བརྟན་དུ་བཏང་ཡོད།

    བྱེད་སྒོའི་ནང་གྲོང་ཚོར་བཅའ་སྡོད་ལྗོངས་ཡོངས་ཀྱི་རིམ་ཁག་ལས་དོན་རུ་ཁག་གིས“སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བྱེད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་དང་འགན་ནུས་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་གིས་རྫོང་དང་། ཤང་། གྲོང་ཚོ། ཚོགས་ཆུང་། དུད་ཚང་བཅས་རིམ་ལྔའི་བརྟན་ལྷིང་སྲུང་སྐྱོང་ཆ་འཕྲིན་སྤེལ་རེས་ལམ་སྲོལ་དང་། བདེ་འཇགས་དོགས་ཟོན་ལམ་སྲོལ། རྩོད་གཞི་འདུམ་འགྲིག་ལམ་སྲོལ་བཅས་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད། ལྷག་དོན་དུ་ལོ་མཇུག་དང་ལོ་འགོའི“དུས་ཆེན་བཅས་ཀྱི་གསུམ”རིང་ལས་དོན་རུ་ཁག་གི་རུ་མི་ཡོངས་ཉིན་མཚན་བལྟོས་མེད་ངང་ལས་རེས་བྱས་པ་དང་སྦྲགས་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་གིས་གྲོང་སྲུང་རུ་ཁག་དང་། སློབ་སྲུང་རུ་ཁག སྐོར་གཡེང་རུ་ཁག་སོགས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ། གྲོང་ཚོ་རིམ་པ་སྲུང་སྐྱོང་དང་སྐོར་གཡེང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། གྲོང་ཚོ་ཚང་མ་མཁར་རྫོང་དང་མི་ཚང་མ་སོ་དམག་བྱེད་པའི་གྲོང་གསེབ་ཀྱི་འགོག་སྲུང་ཚོད་འཛིན་མ་ལག་གཏོད་པ་བཅས་བྱས་པས་གཞི་རིམ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

    ལོ་གསུམ་ལྷག་ཙམ་ནང་ལས་བྱེད་པ་ཁྲི་9ཁག་བཞི་ལ་བགོས་ནས་སྔ་རྗེས་སུ་གཞི་རིམ་དུ་བསྐྱོད་ནས་གཞི་རིམ་གྱི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱས་ཏེ་མང་ཚོགས་དང་སེམས་པ་གཅིག་མཐུན་ཡོང་བ་བྱས་པ་དང་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་སྒྲོག་འགྲེལ་བྱེད་པ་དང་། གཞི་རིམ་ཏང་སྲིད་ལས་དོན་ཤུགས་སྣོན་དང་ལེགས་སུ་གཏོང་བ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཡོངས་ཁྱབ་ངང་ཐོབ་པ་མ་ཟད། ལྗོངས་ཡོངས་ཀྱི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ནས་གཞི་རིམ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་ཞི་མཐུན། བརྟན་ལྷིང་གི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་གསར་གཏོད་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཅོས་སྒྲིག་ནུས་པ་ཆེ་རུ་བཏང་བ།

    རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཇི་ལྟར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་རྒྱུའི་འགན་སྲུང་བྱ་རྒྱུ་ནི་རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཐད་བཏོན་པའི་བླང་བྱ་གསར་པ་ཞིག་ཡིན།

    དེའི་ཐད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་གནས་རྟོགས་དཔྱོད་ཀྱིས་ལྗོངས་ཡོངས་སུ་སྡེ་ཁུལ་དྲ་མིག་ཅན་གྱི་དོ་དམ་ལས་དོན་ལག་བསྟར་གཏིང་ཟབ་དང་། དྲ་མིག་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་དོ་དམ་མ་ལག་བསྐྲུན་པ། སྤྱི་ཚོགས་དོ་དམ་གྱི་གཙོ་གནད་གཤམ་སྒྱུར་བྱ་རྒྱུ་མངོན་འགྱུར། མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་ཆགས་པ། འཕྲལ་མ་ཉིད་དུ་ཆ་འཕྲིན་སྙན་སེང་ཞུ་བ་དང་འགལ་ཟླ་སེལ་བ། མང་ཚོགས་ཀྱིས་གནད་དོན་གོང་ཞུའི་ཐབས་ལམ་ཤར་བགྲོད་མེད་པ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་མི་ཐུབ་པའི་གནད་དོན་ནུས་ལྡན་ངང་ཐག་གཅོད། འགལ་ཟླ་དང་རྩོད་གཞི་དྲ་མིག་ཁྲོད་མེད་པ་བཟོ་བ་དང་འབྲེལ་ཐོན་མ་ཐག་མེད་པ་བཟོ་བ་བཅས་བྱས་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    དམངས་ཆེད་དང་། དམངས་བརྩེ། དམངས་ཕན། དམངས་བདེ་བཅས་འགོ་འཛུགས་སར་བརྩིས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ནས་སྤྱི་ཚོགས་དོ་དམ་གྱི་རྣམ་པ་གསར་གཏོད་བྱས་ཤིང་། 2011ལོའི་ལོ་མཇུག་ནས་བཟུང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གནས་ས་དང་རྫོང་གྲོང་ཚང་མར་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་698བསྐྲུན་པ་མ་ཟད། མི་དམངས་ཉེན་རྟོག་པ་ཁྲོམ་གཞུང་ཁག་ཏུ་བཀོད་སྒྲིག་བྱས་ནས་ཉེན་རྟོག་པ་མང་དུ་བཏང་སྟེ་ལྷག་པའི་ཐོལ་བྱུང་དོན་རྐྱེན་དུས་ཐོག་ཏུ་ཤེས་པ་དང་མགྱོགས་མྱུར་ཐག་གཅོད་ཐུབ་རྒྱུ་འགན་ལེན་བྱས་པས་དམངས་ཕན་དང་། དམངས་ཆེད། དམངས་བདེ་བཅས་ཀྱི་ཞབས་ཞུའི་ས་ཚིགས་སུ་གྱུར་ཡོད།

    སྤྱི་ཚོགས་བཅོས་སྐྱོང་སྣ་མང་ཅན་དུ་གྱུར་པ་དང་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2013ལོ་ནས་བཟུང་ལྗོངས་ཡོངས་སུ་གཉིས་ལྡན་དུད་སྦྲེལ་གྱི་ཞབས་ཞུ་དོ་དམ་ལས་དོན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་འབྲེལ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་དུད་ཚང་5འམ་ཡང་ན་དུད་ཚང་10དུད་སྦྲེལ་གྱི་ཚན་པ་གཅིག་ལ་བརྩིས་ཏེ་དུད་སྦྲེལ་སྤྱི་མི་གཅིག་བདམས་པ་དེས་གྲོང་ཚོ་དང་སྒོ་རའི་ཙུའུ་ཀྲང་ལ་གཞོགས་འདེགས་བྱས་ཏེ་དུད་ཚང་ཁག་ལ་མཐུན་སྦྱོར་དོ་དམ་བྱེད་ཀྱི་ཡོད། ལྗོངས་ཡོངས་སུ་དུད་སྦྲེལ་ཚན་པ་ཁྲི་8ལྷག་ཙམ་བཙུགས་པ་དེ་དག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་དུད་ཚང་ཁྲི་70.45ལ་ཁྱབ་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་པ་ལས་མངོན་དོན། གཉིས་ལྡན་དུད་སྦྲེལ་གྱི་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱི་ཉེས་དོན་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་19.92%ཆག་པ་དང་། བདེ་འཇགས་གྱོད་གཞི་ཐོན་ལས་དུས་མཚུངས་ལས་9%ཆག་པ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཐོན་ཚད་དུས་མཚུངས་ལས་29.7%ཆག་པ། མེ་སྐྱོན་ལས་འཛོལ་ཐོན་ལས་39.06%ཆག་པ་བཅས་བྱུང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་98.67%ཟིན་ཡོད།

    ཞི་མཐུན་དགོན་སྡེ་གཏོད་རྒྱུར་སྐུལ་འདེད་བཏང་ནས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་བཏིང་བ།

    དགོན་སྡེའི་ཐོལ་བྱུང་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམ་འཛིན་བྱེད་གཞི་དང་དོ་དམ་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་ནས་རང་ལྗོངས་ཀྱིས་ཕུལ་བྱུང་ལས་བྱེད་པ་7486ལྗོངས་ཡོངས་ཀྱི་དགོན་སྡེ་ཚང་མར་བཅའ་སྡོད་བྱེད་པར་བཏང་ནས་དགོན་སྡེ་དོ་དམ་དང་། སློབ་གསོ། ཞབས་ཞུ་བཅས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་མིག་སྔར་ལྗོངས་ཡོངས་ཀྱི་དགོན་སྡེ་1700ལྷག་ཙམ་ལ་དོ་དམ་སྒྲིག་གཞི་བཙུགས་ཡོད།

    དགོན་སྡེར“ཡོད་པ་དགུའི”འདུ་འགོད་ལག་བསྟར་བྱས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་70%ཡན་གྱི་དགོན་སྡེར་ལམ་དང་། འཕྲིན་གཏོང་། གློག རླུང་འཕྲིན་དང་བརྙན་འཕྲིན་བཅས་ཤར་གཏོང་ཐུབ་ནས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཏན་ཏིག་ཕྱིན་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེའི་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་གནས་སྐབས་ལག་བསྟར་བྱེད་ཐབས》བཏོན་ནས་ལག་བསྟར་བྱས་ཏེ་མ་དངུལ་སྒོར་ཁྲི་1300ལྷག་ཙམ་བཏང་ནས་ལྗོངས་ཡོངས་ཀྱི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ཚོར“འགན་བཅོལ་གཉིས་དང་འགན་ལེན་གཅིག”གི་མ་དངུལ་ཁ་གསབ་བྱས་པས་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ཚོ་སྨན་བཅོས་འགན་བཅོལ་དང་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་93.3%དང་66.8%སོ་སོར་ཟིན་པ་མ་ཟད། མ་མཐའི་འཚོ་བའི་འགན་ལེན་ཚང་མར་ཁྱབ་པ་དང་འབྲེལ་ལྗོངས་ཡོངས་ཀྱི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ཚོར་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་དང་བདེ་ཐང་ཡིག་ཚགས་བཟོས་པར་བརྟེན་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱུང་ཡོད།

    ལྗོངས་ཡོངས་ཀྱི་དགོན་སྡེར་བླ་མ་སྐྱེས་ཆེན་རིམ་བྱུང་གི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་འབྲེལ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་སྤེལ་བས་རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་སེམས་གང་ལེགས་འཕེལ་བའི་ཁར་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་ལ་སྲུང་སྐྱོང་ཐུབ་ཡོད།

    དགོན་སྡེ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་གསར་གཏོད་བྱས་ཐོག་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རྒྱུན་ཆད་མེད་པར་དོན་འཁྱོལ་བྱས་པས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོའི་བསྔགས་བརྗོད་ཐོབ་པ་མ་ཟད། དགོན་སྡེ་དང་གྲྭ་བཙུན་ཚོ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཕྱིན་ནས་ཆོས་ལུགས་ལས་རིགས་ཀྱི་སྒྲིག་སྲོལ་ལམ་ལུགས་དེ་བས་འཐུས་ཚང་དུ་ཕྱིན་པ་དང་། ཆོས་ལུགས་ཀྱི་རྣམ་པ་དེ་བས་ལེགས་སུ་ཕྱིན་པ། ཁྲིམས་ཤེས་ཁྲིམས་སྲུང་གི་འདུ་ཤེས་དེ་བས་མི་སེམས་སུ་ཟུག་པ། ཁ་ཕྲལ་ལ་ངོ་རྒོལ་བྱ་ཤུགས་དེ་བས་ཆེ་རུ་ཕྱིན་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དེ་བས་རང་རྟོགས་ཐུབ་པ་བཅས་བྱུང་ཡོད།

    ལོ་རྒྱུས་དང་དོན་དངོས་ལས་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་བོད་ཀྱི་ཞི་མཐུན་བརྟན་ལྷིང་མེད་ན་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མེད་པ་ར་འཕྲོད་ཐུབ་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱིས་ཡུན་རིང་བདེ་འཁོད་ཀྱི་དུས་རབས་གསར་པ་ཞིག་བསུ་ཐུབ་ངེས་ཡིན་ལ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རླབས་ཆེའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་ལ་ང་ཚོར་ཡིད་ཆེས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།