[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • ​ —— གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་ཟླ་ཤེལ་གྱི་སྐོར་བཀོད་པ།

    གེགས་རྗེས་ཀྱི་ཚེ་སྲོག་ལམ་བུ་སྲུང་བ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2015-06-10

    ཕ་བོང་ཆེན་པོ་ཞིག་གཡང་གཟར་གཡུག་རྗེས“ཁེར་ཆགས་གླིང་ཕྲན”འགྲམ་གྲོང་རྡལ་དུ་སྐྱོད་སའི་ཚེ་སྲོག་ལམ་318བཤངས་ཐུབ་པ་བྱུང་ཞིང་། ཟླ་ཤེལ་གྱིས་ཆུ་ཚོད་ལ་ལྟ་སྐབས་ཟླ་4ཚེས་28ཉིན་གྱི་ཆུ་ཚོད་18ཡིན་པ་དང་ད་བར་ཆུ་ཚོད་90ངལ་གསོ་རྒྱག་ཁོམ་བྱུང་མེད།

    ཟླ་4ཚེས་29ཉིན་ནི་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པའི་ཉིན་བཞི་པ་དེ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མང་ཚོགས་འགྲམ་གྲོང་རྡལ་ནས་ཕྱིར་འཐེན་བྱེད་དགོས་པའི་བློ་ཐག་བཅད། རང་བྱུང་གནོད་འཚེའི་འཇིགས་པའི་རྐྱེན་གྱིས་མང་ཚོགས་སྤོས་ནས་གྲོང་ཁྱེར་སྟོང་པར་གྱུར་པའི་དོན་དེ་རིགས་རང་ལྗོངས་ཀྱི་ངོས་ནས་བརྗོད་ན་དང་པོ་ཡིན་ལ། འཛམ་གླིང་ས་ཡོམ་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་ཡིན། ཆུ་ཚོད་ཁ་ཤས་ནང་ཀྲུང་ནེའི་མཐའ་མཚམས་གྲོང་རྡལ་འཁྲུག་ཤོས་འགྲམ་གྲོང་རྡལ་སྟོང་པར་གྱུར་པ་དང་ཆུ་ཚོད་བཅུ་གཅིག་ནང་གནས་སྤོའི་བྱ་སྤྱོད་ཆེན་པོ་ཞིག་སྤེལ་བ་མ་ཟད། མང་ཚོགས་4250དང་ཉེན་རྟོག་པ་གཅིག་ལའང་རྨས་སྐྱོན་ཕོག་མེད་པ་དང་། མང་ཚོགས་གནས་སྤོ་བྱེད་མཁན་རླངས་འཁོར་བརྒྱ་གྲངས་ནང་གཅིག་ལ་ཡང་སྐྱོན་ཤོར་མེད་པའི་ངོ་མཚར་བཏོད་ཡོད།

    ཚེ་སྲོག་ལམ་318བརྟན་སྲུང་བྱེད་མཁན་རུ་ཁག་གཅིག་ཡོད་ཅིང་། ཆུ་ཚོད་བཅུ་གཅིག་གི་གནས་སྤོའི་ལས་དོན་ནང་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེན་རྟོག་པ་ཡོངས་ཀྱིས་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500དང་རིང་ཚད་སྤྱི་ལེ་400ལྷག་ཙམ་ཡོད་པའི་རྒྱལ་ལམ་318ཐོག་ཉིན་མོ་ཉི་འོད་དང་མཚན་མོ་གྲང་ངར་ཁྲོད་འགྲུལ་ལམ་བཤངས་ཤིང་། ཟླ་ཤེལ་ནི་ཁོང་ཚོའི་ཁྲོད་ཀྱི་མཚོན་བྱེད་ཅིག་ཡིན།

    མགྱོགས་མྱུར་བྱ་སྤྱོད་སྤེལ་བ།

    ཟླ་4ཚེས་25ཉིན་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་ཟླ་ཤེལ་རྒྱུན་གཏན་ལྟར་གཞུང་ལས་ཁང་གི་གློག་ཀླད་ཐོག་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་ལ་ཞིབ་བཤེར་བྱེད་པའི་སྐབས་སུ་གློག་ཀླད་དང་སྒྲོག་ཙེའི་ཐོག་ཡོད་པའི་ཕོར་པ་འགུལ་བ་དང་ཁང་པའི་ཤེལ་ཏོག་ཕར་ཡོར་ཚུར་ཡོར་བྱེད་པ་ཚོར་སྐབས་ས་ཡོམ་བརྒྱབ་པ་ཤེས།

    གནོད་འཚེ་ནི་བཀའ་རྒྱ་ཡིན། དུས་ཚོད་ནི་ཚེ་སྲོག་ཡིན། དེ་འཕྲལ་ཁོང་གིས་དཔོད་འཕྲིན་བརྒྱུད་ནས་ས་ཡོམ་གྱི་གནས་ཚུལ་ཤེས་རྟོགས་བྱེད་སྐབས་དིང་རི་དང་། གཉའ་ལམ། སྐྱིད་གྲོང་བཅས་སུ་ས་ཡོམ་བརྒྱབ་པའི་ཆ་འཕྲིན་དང་པར་རིས་མཐོང་ཡང་འགྲམ་གྲོང་རྡལ་གྱི་ཆ་འཕྲིན་དང་པར་མེད་པ་མཐོང་།གནས་ཚུལ་ཡག་པོ་མི་འདུག་སྙམ་ནས་འཕྲལ་དུ་འགྲིམ་འགྲུལ་སྡེ་ཚན་ལ་འཕྲིན་ཐུང་ཐོག་ནས་སྤྱི་ཚོགས་ལ་རྒྱལ་ལམ་318དུ་སྐྱོད་སའི་འགྲམ་དང་སྐྱིད་གྲོང་ལམ་བུའི་འགྲིམ་འགྲུལ་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། ཛ་དྲག་གི་ཚོགས་འདུ་འཚོགས་ནས་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་པ་དང་འབྲེལ། འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེན་སེལ་གེགས་སྐྱོབ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཡོམ་འགོག་གེགས་སེལ་ནང་གཞུང་ལམ་ཤར་གཏོང་ཐུབ་རྒྱུའི་ཇུས་གཞི་བཟོས་པ་དང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལམ་ཤར་གཏོང་ཐུབ་པ་བྱས། འགྲིམ་འགྲུལ་ཉེན་རྟོག་པ་རྣམས་མགྱོགས་མྱུར་ཐོན་ཏེ་རྒྱལ་ལམ་318ཀྱི་ཕྱོགས་སུ་བསྐྱོད་དེ་གཞུང་ལམ་བཀག་སྡོམ་དང་རླངས་འཁོར་བཤངས་ནས་སྲོག་སྐྱོབ་ཀྱི་དུས་ཚོད་ལེགས་ཤོས་བརྩོན་ལེན་བྱས་པ་རེད།

    གེགས་ཁུལ་དུ་བསྐྱོད་དེ་མུ་མཐུད་འབད་འཐབ་བྱས་པ།

    ཟླ་4ཚེས་26ཉིན“4·25”ཉེན་སེལ་གེགས་སྐྱོབ་མདུན་ཕྱོགས་བཀོད་འདོམས་པུས་གཞུང་ལམ་ལ་བཀག་སྡོམ་བྱས་ནས་མི་སྣ་སྐྱོབ་རྒྱུ་དང་དངོས་ཟོག་དབོར་མཁན་རླངས་འཁོར་ཐོགས་མེད་ཤར་གཏོང་ཐུབ་པ་བྱས་ཤིང་། དེ་ཉིན་དགོང་མོ་ཟླ་ཤེལ་གྱི་བཀའ་ལྟར་གནོད་འཚེ་ཚབས་ཆེན་ཕོག་པའི་འགྲམ་གྲོང་རྡལ་དུ་བསྐྱོད་དེ་གཞུང་ལམ་གཤོང་བའི་ལས་འགན་དང་དུ་བླངས། ལམ་བར་ཡོམ་འཕྲོ་དང་རི་ཉིལ་བ་སོགས་ཀྱི་ཉེན་ཁར་མ་འཛེམས་པར་ཉེན་རྟོག་པ་གཞན་དང་མཉམ་དུ་འགྲིམ་འགྲུལ་གཤོང་བའི་ལས་སུ་ཞུགས་པ་རེད། ངལ་དུབ་བྱུང་སྐབས་བཀོད་འདོམས་པུའི་རླངས་འཁོར་ནང་གཉིད་ཁུག་ཙམ་བྱེད་པ་དང་ལྟོགས་པའི་སྐབས་སུ་བག་ལེབ་ཁམ་གང་དོ་བཟས་ནས་ཉིན་མཚན་གཉིས་བསྟུད་མར་ལམ་གཤོང་བའི་ལས་དོན་ནང་ཞུགས། ལམ་བཤངས་རྗེས་ཁོང་གིས་ཡང་རོགས་སྐྱོབ་རུ་ཁག་དང་མཉམ་དུ་འགྲམ་གེགས་ཁུལ་དུ་བསྐྱོད་དེ་མང་ཚོགས་ཕྱིར་འཐེན་བྱེད་པའི་ལས་དོན་ལ་བཀོད་འདོམས་བྱས།

    མང་ཚོགས་ཕྱིར་འཐེན་བྱེད་པའི་ལས་དོན་གྱི་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། རླངས་འཁོར་མང་བ། ལམ་ཐག་རིང་བ་བཅས་ཀྱི་ཐོག་ལམ་ཡག་པོ་མེད་པས་འགྲམ་སྤྱི་བདེ་ཡན་ལག་ཅུས་དང་གྲོས་བསྡུར་བྱས་རྗེས། ཟླ་ཤེལ་གྱི་ཉེན་ཁ་ཆེ་སར་སོ་ལྟ་བྱེད་མཁན་བཞག་ནས་ཉེན་ཁའི་གནས་ཚུལ་ཐོན་སྐབས་འཕྲལ་དུ་རླངས་འཁོར་ཁ་བཀག་ཐུབ་པ་བྱས་པ་རེད། སྤྱི་ལེ་བཅུ་རེའི་ཐོག་ཉེན་རྟོག་པ་གཉིས་བཀོད་སྒྲིག་བྱས་ཏེ་འགྲིམ་འགྲུལ་བཀོད་འདོམས་ཀྱི་འགན་འཁུར་དུ་བཅུག་ཁར་ཉིན་མོ་འགྲིམ་འགྲུལ་ཉེན་རྟོག་པས་ལག་བརྡ་བྱས་ཏེ་བཀོད་འདོམས་བྱས་པ་དང་མཚན་མོ་གློག་སྒྲོན་སྤར་ནས་བཀོད་འདོམས་བྱས་ནས་རླངས་འཁོར་ཤར་བགྲོད་ཐུབ་པ་བྱས་ཡོད།

    “ཚེས་29ཉིན་ཆར་པ་ཡང་ཡང་བབས་པ་དང་སྐབས་འགར་རི་ཉིལ་བའི་ཉེན་ཁ་ཆེན་པོ་དེས་ང་ཚོའི་སྲོག་འཕྲོག་མི་ཡོང་ངམ་སྙམ་བྱུང”ཞེས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཁྲིམས་ལུགས་དྲིལ་བསྒྲགས་ཁོའོ་ཡི་ཁོའོ་ཀྲང་ཆུང་བདག་གིས་སྐབས་དེ་དུས་ཀྱི་ཉེན་ཁའི་སྐོར་བརྗོད་བྱུང་།

    འགྲིམ་འགྲུལ་དོ་དམ་ཚོགས་ཆུང་གི་ཁོངས་མི་ལྗོངས་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་གཞོན་པ་ནོར་བུས“མཚན་མོ་ནག་ཁུང་ཁྲོད་རླུང་བུ་དང་། ཆར་པ། རླངས་འཁོར་སྐྱོད་པའི་སྒྲ་བཅས་ལས་ཐོས་རྒྱུ་མིན་འདུག རི་ནས་རྦབ་རྡོ་ཉིལ་དོགས་ཀྱིས་ཚང་མས་དབུགས་ཆེན་པོ་གཏོང་མི་ཕོད་པར་ཁ་ཁུ་སིམ་པོས་སྡོད་པའི་དུས་ན། གློག་བུར་དུ་འབྲུག་སྒྲ་ཆེན་པོ་ཞིག་བརྒྱབ་སོང་བས་ཚང་མ་ཞེད་སྣང་ཆེན་པོ་སྐྱེས། ནག་ཁུང་ནང་ད་དུང་རླངས་འཁོར་བདུན་བརྒྱད་གཅིག་བསྡད་འདུག”ཅེས་བརྗོད་བྱུང་།

    “ག་དུས་ཡིན་ནའང་ཉེན་ཁ་ཆེན་པོ་ཐོན་བཟོ་ཡོད་པའི་སྐབས་སུ་ང་ཚོའི་འགྲིམ་འགྲུལ་ཉེན་རྟོག་པའི་ནང་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད”ཅེས་ལས་འགན་སྒྲུབ་སྐབས་གནས་ཚུལ་ཕྱིར་དྲན་བྱེད་སྐབས་ཟླ་ཤེལ་གྱི་གླེང་མང་ཤོས་ནི་ཁོང་གི་འཐབ་གྲོགས་ཚོ་ཡིན།

    དེ་ཉིན་ཟླ་ཤེལ་གྱི་ཉེན་ཁའི་གནས་40ལྷག་ཙམ་སྒྲོལ་ཏེ་འགྲིམ་འགྲུལ་ཉེན་རྟོག་པ་ཚོ་དང་མཉམ་དུ་མང་ཚོགས་སྐྱེལ་རོགས་བྱས་པ་དང་མང་ཚོགས་རྣམས་བདེ་འཇགས་ངང་གནས་སྤོ་བྱས་རྗེས་ཁོང་ཚོ་གཞི་ནས་འགྲམ་ནས་བྲལ། ཟླ་4ཚེས་29ཉིན་གྱི་ཆུ་ཚོད་13དང་སྐར་མ་40སྐབས་གནས་སྤོའི་རླངས་འཁོར་མཐའ་མ་དེ་བདེ་འཇགས་ངང་བསྐྱོད། ཕྱིར་འཐེན་གྱི་ལམ་ངོས་ཞན་པ་དང་། ལམ་ཐག་རིང་བ། མི་སྣ་མང་བ། དུས་ཚོད་ཐུང་བ་བཅས་ཡོད་ཀྱང་འགྲིམ་འགྲུལ་གྱི་ལས་འཛོལ་གཅིག་ཀྱང་ཐོན་མེད་པའི་ངོ་མཚར་བཏོད་ཡོད།

    སུན་སྣང་མེད་པར་མང་ཚོགས་ལ་ཞབས་འདེགས་ཞུས་པ།

    འགྲམ་གྱི་མང་ཚོགས་རྣམས་བསམ་གྲུབ་རྩེའི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་རྗེས་ཟླ་ཤེལ་གྱི་བློ་ལ་འཆར་བ་ནི་མང་ཚོགས་ལ་སེམས་གསོ་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། ཁོང་གིས་བཀོད་སྒྲིག་བྱ་ཡུལ་གྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་རྒྱུ་དང་གེགས་རྗེས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ་འཕྲལ་མར་ཁ་ལོ་བའི་ལག་ཁྱེར་བརླག་པའི་མང་ཚོགས་ལ་ལག་ཁྱེར་གསབ་གཉེར་བྱས་པ་དང་འབྲེལ། གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུའི་གྲ་སྒྲིག་བྱས་ཏེ་རླངས་འཁོར་གཏོང་བའི་ལག་རྩལ་སྦྱོང་འདོད་པའི་མང་ཚོགས་230སྒྲིག་འཛུགས་བྱས་ནས་གསོ་སྦྱོང་བྱས་པ་རེད།

    ཟླ་5ཚེས་17ཉིན་གྱི་ཉི་འོད་འཚེར་བའི་ཞོགས་པར་གསར་འགོད་པས་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་ནས་ཟླ་ཤེལ་མཐོང་སྐབས་ཁོང་གིས་མི་དམངས་ཉེན་རྟོག་པ་དང་མཉམ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི་མིང་ཐོ་འགོད་བཞིན་འདུག་ལ། ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཉིན་གཉིས་པར་གཉེར་འགོ་འཛུགས་རྒྱུ་རེད་འདུག

    ཐང་ཤ་དོད་པ་དང་། ངོ་གདོང་ནག་པ། མིག་རྩ་དམར་པོ་ཆགས་པའི་ཁོང་ཉེན་རྟོག་པ་དཀྱུས་མ་ཚོ་དང་མཉམ་དུ་ལས་ཀ་བྱེད་བཞིན་ཡོད་ཅིང་། གོ་གནས་རྟགས་མར་མ་བལྟས་ཚེ་ཁོང་ནི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གི་རུ་དཔོན་ཡིན་པ་སུ་ཡིས་ཤེས། “ཁྱེད་རང་གི་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་Cབླངས་ནས་ལོ་གཉིས་ལས་ཕྱིན་མིན་འདུག གཏན་འབེབས་བྱས་ན་ལག་ཁྱེར་Aཡི་རྒྱུགས་གཏོང་ཆོག་གི་མེད།ན་ནིང་ཁྱེད་རང་གིས་སློབ་ཚན་དང་པོ་དང་སློབ་ཚན་གཉིས་པའི་ནང་མིང་ཐོ་བཀོད་པའི་ཡིག་ཚགས་ང་ཚོར་ཡོད་པས་སླར་ཡང་མིང་ཐོ་བཀོད་མི་དགོས”ཞེས་ཟླ་ཤེལ་གྱི་ལག་ནང་གི་ཆུ་འཐུང་བཞིན་མང་ཚོགས་ལ་ཡང་ཡང་འགྲེལ་བཤད་རྒྱག་བཞིན་འདུག བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚོས་ཁོང་ངོ་ཤེས་པ་དང་ཁོང་གང་དུ་ཕྱིན་ན་ཡང་རླངས་འཁོར་གཏོང་བའི་རྩལ་ནུས་སྦྱོང་བཞིན་པའི་སློབ་མ་ཚོས་མཐའ་སྐོར་ནས་ཁོང་དང་གླེང་མོ་བྱེད་ཀྱི་འདུག

    སྐབས་དེར་མང་ཚོགས་འགའ་ཞིག་གིས་ཁོང་གི་མདུན་དུ་ཡོང་ནས“མིང་ཐོ་འགོད་ས་ནས་ང་ཚོར་མིང་ཐོ་འགོད་ཀྱི་མི་འདུག”ཅེས་བཤད།

    ཟླ་ཤེལ་གྱི་མང་ཚོགས་དེ་དག་ལ“པཱ་ལགས། ཁྱེད་ཀྱི་ཐོབ་ཐང་ལག་ཁྱེར་ང་ལ་བསྟན་གནང་དང”ཞེས་བཤད་པ་དང་མང་ཚོགས་དེས་སྟོད་ཐུང་ཁུག་མ་ནས་ཁོང་ལ་ཐོབ་ཐང་ལག་ཁྱེར་བཏོན་ནས་བསྟན། ཟླ་ཤེལ་གྱིས་ཐོབ་ཐང་ལག་ཁྱེར་ལ་ནན་ཏན་བལྟས་རྗེས་ཐོབ་ཐང་ལག་ཁྱེར་མང་ཚོགས་དེར་སྤྲད་ནས“ཁྱེད་རང་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་Aལེན་རྩིས་ཡོད་དམ། འོན་ཀྱང་ད་ཆ་ཁྱེད་རང་ལོ་65ལ་སླེབས་འདུག་པས《འཕྲུལ་སྒུལ་འཁོར་རིགས་གཏོང་ཆོག་པའི་ལག་ཁྱེར་ལེན་ཞུ་དང་བེད་སྤྱོད་ཀྱི་གཏན་འབེབས》ལ་གཞིགས་ན་ལག་ཁྱེར་Aལེན་ཆོག་པའི་ལོ་ཚད་ལས་ཡོལ་འདུག”ཅེས་བཤད།

    འོན་ཀྱང་མང་ཚོགས་དེ་དག་གིས་ཁོང་གི་ལག་ནས་འཇུས་ཏེ་ཨུ་ཚུགས་ཀྱིས་མིང་ཐོ་འགོད་རོགས་ཅེས་ཤོད་སྐབས་ཁོང་གིས“པཱ་ལགས། ང་ཚོས་ཁྱེད་རང་གི་རེ་བ་ཤེས་ཀྱི་ཡོད། འོན་ཀྱང་ཁྲིམས་ལུགས་ནང་གཏན་འཁེལ་བྱས་པའི་དོན་ལ་རྒྱུ་མཚན་ཡོད། ཁྱེད་རང་ལོ་ན་མཐོ་བས་མིག་ཤེད་གཞོན་ནུ་ལྟར་ཡག་པོ་མེད་པས་རླངས་འཁོར་ཆེན་པོ་བཏང་ན་ཉེན་ཁ་ཡོད། ངས་རོགས་པ་བྱས་ཆོག་ཀྱང་ཡིན་ནའི་གློག་ཀླད་ནང་ནས་ཁྱེད་རང་ལོ་ག་ཚོད་ལ་སླེབས་མིན་གསལ་པོ་མཐོང་ཐུབ”ཅེས་ངང་རྒྱུད་རིང་པོས་དེ་ལྟར་བཤད།

    “ང་ཚོའི་རུ་དཔོན་ནི་དེ་འདྲ་རེད། ཡོམ་འགོག་གེགས་སེལ་གྱི་ལས་དོན་སྒྲུབ་སྐབས་སུ་ཁོང་བློ་ཐག་ཆོད་ལ་དོ་ནན་པ་དང་། མི་སེར་གྱི་བྱ་བ་སྒྲུབ་སྐབས་ཁོང་སེམས་རྩ་འཁོལ་པོ་ཡོད”ཅེས་བཅར་འདྲི་མཇུག་སྒྲིལ་སྐབས་འགྲིམ་འགྲུལ་ཉེན་རྟོག་པ་ཟླ་བས་གསར་འགོད་པར་དེ་ལྟར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།