[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་ཡུལ་སྐོར་དམངས་ཕྱུག་ལམ་བུ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-20

    ● “ཆང་ཁྱིམ་ནས་ཆང”དང་། “ཆང་ཁྱིམ་གཞིས་ཀ” “ཆང་ཁྱིམ་གླིང་ཁ”བཅས་ཕྱོགས་གསུམ་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་རིག་གནས་མྱོང་རོལ་ཁུལ་ཧུར་ཐག་བཏོད་པ།

    ● ཆང་ཁྱིམ་གྲོང་ཚོས་ད་དུང་ཁྱོན་མ་དངུལ་སྒོར་ཁྲི་747.6བཏང་བའི་ནས་ཆང་གཞིས་ཀའི་རྣམ་གྲངས་ལག་བསྟར་བྱས་པ།

    ● ད་ཆ་གྲོང་ཚོ་ཡོངས་སུ་དམངས་སྲོལ་གནས་ཚང་དང་ཞིང་པའི་སྤྲོ་སྐྱིད་ཁང་37ཡོད་པ་དང་། 2020ལོའི་ཟླ་5ཚེས་4ཉིན་ཡུལ་སྐོར་བ་ཁག་དང་པོ་སླེབས་ཚུན། ཡུལ་སྐོར་སྣེ་ལེན་ཡོང་འབབ་བསྡོམས་སྒོར་ཁྲི་33ཟིན་ནས་ཁྱིམ་ཚང་ཚང་མར་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་རག་ཡོད།

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6པར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་ནས་ཀྱི་སྐྱེ་འཚར་པུས་མོའི་སར་སླེབས་པ་དང་དེ་དག་ཉི་ཟེར་གྱི་འོག་ཏུ་ལྗང་ཐིང་ངེར་འཚར་བཞིན་ཡོད།

    “སྐྱེ་འཚར་ལ་བལྟས་ན། འདི་ལོ་ཡང་ལོ་ལེགས་ཀྱི་ལོ་ཞིག་ཡིན་པས་ནས་ཆང་གི་ཐོན་འབབ་འགན་ལེན་ཐུབ་ངེས་རེད་ལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་འགན་ལེན་ཐུབ་ངེས་རེད”ཅེས་ཆང་ཁྱིམ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དཀར་ཏོག་གིས་བཤད།

    འཕྱོངས་རྒྱས་ཀྱི་ལུང་གཞུང་དུ་གནས་པའི་ཆང་ཁྱིམ་གྲོང་ཚོ་ཕྱོགས་བཞི་རི་ཡིས་བསྐོར་ཅིང་། དེ་གར་མུ་མེད་ཀྱི་ཞིང་ཐང་ཡོད་ལ་རང་བྱུང་ཁོར་ཡུག་ཀྱང་ཧ་ཅང་མཛེས་པོ་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོ་དེས་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་ཡུན་རིང་གི་ལོ་རྒྱུས་རིག་གནས་ལ་བརྟེན་ནས“ཆང་ཁྱིམ་ནས་ཆང”དང་། “ཆང་ཁྱིམ་གཞིས་ཀ” “ཆང་ཁྱིམ་གླིང་ཁ”བཅས་ཕྱོགས་གསུམ་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་རིག་གནས་མྱོང་རོལ་ཁུལ་ཧུར་ཐག་བཏོད་པས། གྲོང་གསེབ་དར་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་དུ་སྐྱོད་འགོ་ཚུགས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ཡང“ཡུལ་སྐོར་གྱི་ཡོང་འབབ”བྱུང་ནས་སྐྱིད་སྣང་དང་ཐོབ་སྣང་ཧ་ཅང་ཆེ་རུ་ཕྱིན་ཡོད།

    ཆང་ཁྱིམ་གྲོང་ཚོར་ནས་སྨིན་རིམ་བཞིན་ཁྱིམ་ཚང་ཚང་མར་ནས་ཆང་སྙོལ་བའི་གོམས་གཤིས་ཡོད། ཡུན་རིང་སོང་རྗེས་ཆང་ཁྱིམ་གྲོང་ཚོར་ནས་ཆང་གི་ཕ་ཡུལ་ཞེས་པའི་མཚན་སྙན་ཡང་ཐོབ། ཡུལ་དེ་ག་ནས་ཐོན་པའི“ཆང་ཁྱིམ་ནས་ཆང”ནི་གྲོང་ཚོ་དེས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི“གསེར་བྱང”ལྟ་བུ་རེད།

    གྲོང་ཚོར་ཆང་སྙོལ་བའི་ལག་རྩལ་ཡག་ཤོས་ཡིན་པའི་བློ་བཟང་རྡོ་རྗེའི་ཁྱིམ་དུ་རྫ་མ་དང་དམ་བི་ཆེ་ཆུང་སྣ་ཚོགས་ཡོད་ལ། སྒྲོག་ཙེའི་སྟེང་ད་དུང་ཐུམ་སྒྲིལ་བརྒྱབ་པའི་ནས་ཆང་གི་ཐོན་རྫས་མང་པོ་བསྒྲིགས་ཡོད་པས། ཁང་པའི་ཕྱི་ནང་ཚང་མར་ནས་ཆང་གི་དྲི་ཞིམ་འཐུལ་བཞིན་འདུག

    བློ་བཟང་རྡོ་རྗེས“ཉེ་བའི་ལོ་ཤས་རིང་ཆང་ཁྱིམ་གྲོང་ཚོར་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་པ་དང་། མི་མང་པོ་ཞིག་ནི“ཆང་ཁྱིམ་ནས་ཆང”གི་སྙན་གྲགས་ལ་བལྟས་ནས་སླེབས་པ་ཞིག་ཡིན་པས། ཚང་མས་དེ་གའི་ནས་ཆང་གི་རོ་བཅུད་མྱོང་གི་ཡོད་ལ་ལོག་དུས་ད་དུང་མང་པོ་ཉོས་ནས་འཁྱེར་འགྲོ་ཡི་ཡོད། དེར་བརྟེན་ཚོང་ལམ་ཧ་ཅང་ཡག་པོ་ཡོད་པས་རང་ཁྱིམ་ཁོ་ནར་ལོ་རེར་ནས་ཆང་བཙོངས་པར་ཡོང་འབབ་སྒོར་ཁྲི་བཞི་ལྔ་ཟིན་གྱི་འདུག”ཅེས་བཤད།

    ནས་ཆང་གི་དཔལ་འབྱོར་ཕན་འབྲས་ཆེ་ཤོས་ཐོན་ཆེད། ཆང་ཁྱིམ་གྲོང་ཚོས་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་དང་རྫོང་དང་ཤང་རིམ་པ་གཉིས་ཀྱི་རྒྱབ་སྐྱོར་འོག ནས་ཆང་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། ཆང་དང་དུས་ཆེན་ལ་བརྟེན་ནས་མིའི་ཡིད་དབང་བཀུག་སྟེ། ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན་ཞེས་པའི་གྲོང་གསེབ་ཡུལ་སྐོར་སྟེགས་བུ་བཙུགས་ནས། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་བ་ཆང་ཁྱིམ་གྲོང་ཚོར་ཆང་གི་རོ་བཅུད་མྱོང་བ་དང་། གླིང་ཁ་གཏོང་བ། དམངས་སྲོལ་གནས་ཚང་དུ་སྡོད་པ། སྤྲོ་གསེང་གཏོང་བ་བཅས་བྱེད་པའི་ཡིད་དབང་བཀུག་ཡོད།

    ཆང་ཁྱིམ་གྲོང་ཚོས་ད་དུང་ཁྱོན་མ་དངུལ་སྒོར་ཁྲི་747.6བཏང་བའི་ནས་ཆང་གཞིས་ཀའི་རྣམ་གྲངས་ལག་བསྟར་བྱས་ཏེ། གྲོང་ཚོ་ཡོངས་ཀྱི་ནས་ཆང་སྙོལ་བའི་ཚད་གཞི་གཅིག་གྱུར་བཟོས་པ་དང་། ལས་ཞུགས་དང་ཁེ་སྤོགས་བགོ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་26གི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད།

    ཆང་ཁྱིམ་གྲོང་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་ཁྱད་ལྡན་ཐོན་རྫས་ཡོད་པ་མ་ཟད། ད་དུང་གྲོང་ཚོའི་རྣམ་པ་གཙང་ལ་གྲལ་སྟར་འགྲིག་པ་དང་། འགྲིམ་འགྲུལ་སྟབས་བདེ་བ། བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པ། མཐའ་འཁོར་གྱི་ཆུ་ཕྲན་ལྷུང་ལྷུང་དུ་རྒྱུག་པ། སྔོ་ལྗང་གི་ལྗོན་ཤིང་གང་སར་རྒྱས་པ་བཅས་ཀྱི་རྣམ་པ་མཐོང་རྒྱུ་ཡོད། དེས་མ་ཟད“ཆང་ཁྱིམ་གཞིས་ཀ”དང“ཆང་ཁྱིམ་གླིང་ཁ”སོགས་རིག་གནས་དང་རང་བྱུང་མཛེས་ལྗོངས་ཀྱང་ཡོད་པས། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་བལྟོས་བཅས་ཀྱིས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    དེར་བརྟེན་ཆང་ཁྱིམ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་སོས་དལ་སྤྲོ་གསེང་གཉིས་འཕེལ་རྒྱས་གཏོང་བ་ས་གནས་དེ་གའི་ཀ་རྟེན་ཐོན་ལས་སུ་གཏན་འཁེལ་བྱས་ནས། 2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

    གྲོང་གསེབ་ཀྱི་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་གིས་གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ཐོན་རྫས། ཡུལ་སྐོར་ཞབས་འདེགས་སོགས་ལ་ཐོན་ཁུངས་བསྡུ་སྒྲིལ་དང་ཐུམ་སྒྲིལ་ཁྱབ་གདལ་བཏང་ནས་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་སྒྲིག་སྲོལ་བཟོས་པ་དང་། འགྲུལ་ཁུངས་བགོ་བཤའ་དང་མ་རྐང་ལ་ཞུགས་ནས་ཁེ་སྤོགས་བགོ་བའི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། མང་ཚོགས་ལ་དམངས་སྲོལ་གནས་ཚང་དང་ཞིང་པའི་སྤྲོ་སྐྱིད་ཁང་འཛུགས་པར་སྐུལ་ལྕག་དང་སྐུལ་ཁྲིད་བྱས་པ། གྲོང་ཚོའི་མཉམ་སྡེབ་ཀྱི་བེད་མེད་དུ་ལུས་པའི་ཞིང་པའི་སྡོད་ཁང་དག་ཡུལ་སྐོར་སྣེ་ལེན་ཁང་དུ་བཅོས་ཏེ་དམངས་སྲོལ་གླུ་གར་དང་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སྒྲིག་འཛུགས་བྱས་པ། ལོ་རེ་བཞིན་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཚོའི་ཁོར་ཡུག་རྣམ་པ་ལེགས་སུ་བཏང་བ། ཡུལ་སྐོར་སྡེ་ཚན་དང་ཡུལ་སྐོར་ལས་དོན་ཁང་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་པ་བཅས་བརྒྱུད། ཡུལ་སྐོར་དམངས་ཕྱུག་གི་ལམ་དུ་ཇེ་ཙམ་བསྐྱོད་པ་དེ་ཙམ་གྱིས་བརྟན་དུ་འགྲོ་བཞིན་ཡོད།

    གྲོང་ཚོ་ཨུ་ལྷན་གྱི་སྐུལ་སློང་འོག་མང་ཚོགས་བསོད་ནམས་ཆོས་སྒྲོན་གྱིས་དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱས་པ་བརྒྱུད། “ཡུལ་སྐོར་གྱི་ཡོང་འབབ”བྱུང་ཡོད།

    ཁོང་གི་ཁང་པ་ནི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པ་ཞིག་ཡིན་ཞིང་། རྒྱུན་དུ་སྟེང་ཐོག་ཏུ་མ་གཏོགས་སྡོད་མཁན་མེད་པས་འོག་ཐོག་བེད་མེད་དུ་ལུས་ཏེ་ཅ་དངོས་ཙག་ཙིག་འཇོག་གི་ཡོད། 2020ལོར་གྲོང་ཚོའི་ལས་བྱེད་པའི་སྐུལ་ལྕག་འོག་ཁོང་གིས་སྒོར་ཁྲི་2ལྷག་ཙམ་བཏང་སྟེ་འོག་ཐོག་གི་ཁང་པ་4ལ་མཛེས་བཟོ་བྱས་ནས་དམངས་སྲོལ་གནས་ཚང་གཉེར་བ་རེད། 2020ལོའི་ཟླ་5པར་ལས་འགོ་བཙུགས་པ་ནས་ད་བར་ཡུལ་སྐོར་བ་400ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་བསྡོམས་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད།

    བསོད་ནམས་ཆོས་སྒྲོན་ནི་ཆང་ཁྱིམ་གྲོང་ཚོའི་ཁེ་ཕན་འཐོབ་མཁན་མང་པོའི་ནང་ནས་གཅིག་རེད། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དཀར་ཏོག་གིས“ད་ཆ་གྲོང་ཚོ་ཡོངས་སུ་དམངས་སྲོལ་གནས་ཚང་དང་ཞིང་པའི་སྤྲོ་སྐྱིད་ཁང་37ཡོད་པ་དང་། 2020ལོའི་ཟླ་5ཚེས་4ཉིན་ཡུལ་སྐོར་བ་ཁག་དང་པོ་སླེབས་ཚུན། ཡུལ་སྐོར་སྣེ་ལེན་གྱི་ཡོང་འབབ་བསྡོམས་སྒོར་ཁྲི་33ཟིན་ནས་ཁྱིམ་ཚང་ཚང་མར་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ཐོབ་ཡོད”ཅེས་བཤད།

    དེས་མ་ཚད་གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཞབས་འདེགས་སྤུས་ལེགས་ལ་བརྟེན་ནས་ཡུལ་སྐོར་བའི་བསྔགས་བརྗོད་འཐོབ་ཆེད། ཆང་ཁྱིམ་གྲོང་ཚོས་མཉམ་ལས་ཁང་གི་གཅིག་གྱུར་དོ་དམ་གྱི་སྒྲོམ་གཞིའི་འོག་ཁྱིམ་ཚང་ཁག་གི་མང་ཚོགས་བསྡུས་ནས་འཆད་འགྲེལ་ཚོགས་ཆུང་དང་། མགྲོན་བསུའི་ཚོགས་ཆུང་། བཟའ་བཏུང་ཚོགས་ཆུང་། ཁྱད་ལྡན་ཐོན་རྫས་ཚོགས་ཆུང་། ཡུལ་སྐོར་བ་ཐོ་འགོད་ཚོགས་ཆུང་། མེ་ཕུང་དགོང་ཚོགས་སོགས་ཆེད་མངགས་བཙུགས་པ་མ་ཟད། ཆེད་མིས་འགན་འཁུར་བ་དང་ཞབས་འདེགས་ཆ་ཚང་ཞུས་ཏེ་ཆང་ཁྱིམ་གྲོང་ཚོར་སླེབས་པའི་ཡུལ་སྐོར་བ་ཚང་མར་རང་ཁྱིམ་དུ་ལོག་པའི་སྣང་བ་ཚོར་དུ་བཅུག་ཡོད།

    ད་ཆ་ཆང་ཁྱིམ་གྲོང་ཚོའི“ཀྲུང་གོའི་སོས་དལ་གྲོང་གསེབ་མཛེས་ཤོས”ཀྱི་མཚན་སྙན་ལྗོངས་ཕྱི་ནང་དུ་རིམ་གྱིས་ཁྱབ་ནས་བོད་ལྷོ་རྒྱུད་ཀྱི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་གྱུར་པ་དང་། ཡུལ་སྐོར་བ་མང་པོ་ཞིག་དེར་སླེབས་སྐབས་མཛེས་པའི་ཆང་ཁྱིམ་དོན་ལ་གནས་ཞེས་རང་དབང་མེད་པར་བསྔགས་བརྗོད་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།