ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་ཁྲིད་དེ་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ཟོག་རྩེ་གྲའི་འགྲེམས་ཚོང་ལྟེ་གནས་ལ་བརྟག་ཞིབ་གནང་བ་མ་ཟད། ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་རིགས་ཁྱད་ལྡན་ཐོན་ཟོག་དང་། བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ཟོག་རྩེ་གྲའི་འགྲེམས་ཚོང་ལྟེ་གནས་སྒོ་ཕྱེ་ནས་ཟླ་བ་གཅིག་ལྷག་ཕྱིན་པའི་རིང་གི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ཟོག་རྩེ་གྲའི་འགྲེམས་ཚོང་ལྟེ་གནས་ད་ལོའི་ཟླ་10ཚེས་2ཉིན་སྒོ་ཕྱེ་བ་དང་། གཙོ་བོར་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ས་མཐོའི་ཁྱད་ལྡན་ཐོན་ཟོག་དང་། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་ཟོག རིག་གནས་བསམ་བཀོད་ཐོན་ཟོག་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཟོག་རྩེ་གྲ་ཚོང་གཉེར་བྱེད་ཀྱི་ཡོད་ཅིང་། སྒོ་ཕྱེ་ཚུན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་གྲོང་མི་ཁྲི་6ལྷག་ལ་སྣེ་ལེན་ཞུས་པ་རེད།