[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • མེ་ཏོག་དང་སྨན་རྩྭས་བརྒྱན་པའི་ཚལ་སྣེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-07

    647616_yis_1564548355897.jpg

    མཛེས་ལྗོངས་ཁུལ་གྱི་བོད་སྨན་རྟེན་རྫས་བཤམས་མཛོད་ཁང་།

    647610_yis_1564548353488.jpg

    མཛེས་ལྗོངས་ཁུལ་གྱི་ཚོམས་ཆེན་དུ་བཀལ་བའི་གཡུ་ཐོག་ཡོན་ཏན་མགོན་པོའི་ཞལ་ཐང་།

    647613_yis_1564548354617.jpg

    ཡུལ་སྐོར་བས“ཡིད་འོང་ཚལ་སྣེའི”མཛེས་ལྗོངས་ཁུལ་དུ་སྤྲོ་འཆམ་བྱེད་བཞིན་པ།

    647612_yis_1564548354237.jpg

    “ཡིད་འོང་ཚལ་སྣེའི”མཛེས་ལྗོངས་ཁུལ་བསྐྲུན་པས་ས་གནས་དེ་གའི་མང་ཚོགས་སྒོ་རྩར་ལས་ཞུགས་ཐུབ་པ།

    647611_yis_1564548353828.jpg

    མུའུ་བརྒྱའི་མུ་འབྲེལ་དྲོད་ཁང་།

    མྱུར་བགྲོད་གཞུང་ལམ་ནས་དོན་རྗེས་གཞོགས་གཡོན་ལ་ཁ་བསྐོར་ན། ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ཏེ“ཡིད་འོང་ཚལ་སྣེར”སླེབས་ཀྱི་ཡོད། ཟླ་7པར་གླིང་ཁུལ་དུ་རྒྱ་སེ་མེ་ཏོག་རབ་ཏུ་བཞད་ནས་དྲི་ཞིམ་འཐུལ་བར་གྲོང་མི་མི་ཉུང་བ་ཞིག་ལྟ་བར་འགྲོ་བའི་ཡིད་དབང་བཀུག

    རབ་ཏུ་འཕྲོ་བའི་ཉི་འོད་མེ་ཏོག་འཚར་བར་ཧ་ཅང་འཚམ་པོ་ཡོད། “ཡིད་འོང་ཚལ་སྣེར”མེ་ཏོག་གི་ལྡབ་བརྒྱ་ལྷུག་པོར་གྲོལ་བའི་ཞིང་ཁ་མུའུ་ཁྲི་ཡོད་ལ། ལོ་གཅིག་དུས་བཞིར་མཛེས་ལྗོངས་མི་འདྲ་བ་མཐོང་ཐུབ། ཟླ་4པ་ནས་10པ་བར་གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས། ཡུས་ཅིན་ཤང་དང་། རྒྱ་སེ། དྲང་སྲོང་། ལུག་མིག་སོགས་མེ་ཏོག་སྣ་ཚོགས་རིམ་བཞིན་ཚོན་མདོག་རྣམ་པར་བཀྲ་བར་གྱུར་ནས་ཇི་ཙམ་བཞད་པ་དེ་ཙམ་གྱིས་དམར་མདངས་རྒྱས་པ་དང་ལྟ་ན་སྡུག་ཅིང་ཡིད་དབང་འཕྲོག་པ་ཞིག་ཡོད།

    “ཡིད་འོང་ཚལ་སྣེའི”མཛེས་ལྗོངས་ཁུལ་ནས་དོན་ཏེ་ཁ་སྤྲོད་དུ་གནས་པའི་ཆུ་ཤུར་རྫོང་ས་གཙང་བདེ་ཐང་ཐོན་ལས་གླིང་གི་དུས་ཐེངས་དང་པོའི་Bཁུལ་གྱི་རྒྱལ་སྒོར་སླེབས་མ་ཐག མིག་མདུན་དུ་མངོན་པ་ནི་འབྲས་བུ་སྨིན་ལ་ཉེ་བའི་ཁམ་སྡོང་དང་། མུ་མཐུད་ཤར་དུ་བསྐྱོད་ཚེ་ལམ་འགྲམ་གྱི་གཞོགས་གཉིས་སུ་དྲོད་ཁང་ཆེ་མོ་སྟར་པ་དང་སྟར་པ་བྱས་ནས་ཡོད། དེ་གར་ཡུལ་སྐོར་བ་དང་གྲོང་མི་མི་ཉུང་བ་ཞིག་གིས་སི་ར་ཁྱེར་ནས་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་སྤྲོ་སྣང་ཉམས་སུ་མྱོང་བཞིན་འདུག ནམ་དུས་མི་འདྲ་བར་ཤིས་ཀྭ་དང་། ཤང་ཀྭ འབྲི་ཏ། ཀུ་ཤུ། སེའུ་སོགས་སྤྱི་གནོད་མེད་པའི་ཤིང་འབྲས་སོས་པ་འཐུ་ཆོག

    ཤེས་རྟོགས་བྱུང་བར་གཞིགས་ན། མུའུ་བརྒྱའི་མུ་འབྲེལ་དྲོད་ཁང་ནི་ཆུ་ཤུར་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་སྟེ་2018ལོ་ནས་སྐྲུན་འགོ་ཚུགས་པ་དང་། རྒྱ་ཁྱོན་ལ་མུའུ་137ཟིན་པ་དེར་Aཁུལ་དང་། Bཁུལ། Cཁུལ་བཅས་གསུམ་ལ་དབྱེ་ནས་འདི་ལོའི་ཟླ་3པར་སྔ་རྗེས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེ་ཡོད། དེར་Aཁུལ་དང་Bཁུལ་ནི་རིག་གནས་ཉམས་ལེན་ཁུལ་དང་། རིག་ལྡན་ཞིང་ལས་ཚོད་འཛིན་ལྟེ་གནས། བོད་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གི་སྨན་རྩྭའི་ཉམས་ལེན་ཁུལ་ཡིན་ཞིང་། དེར་བོད་སྨན་གྱི་ལུམས་རྒྱག་ས་དང་། ཆུ་ཚན། བོད་སྨན་རྟེན་རྫས་བཤམས་མཛོད་ཁང་། བོད་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གི་སྨན་རྩྭའི་བཟའ་བཏུང་ཁུལ་སོགས་བྱེད་ནུས་སྒྲིག་བཀོད་སྣ་ཚོགས་བཙུགས་ཡོད། Cཁུལ་དུ་རིག་ནུས་མུ་འབྲེལ་དྲོད་ཁང་སྟར་པ་8ཡོད་ལ། ལྗོངས་ཡོངས་ཀྱི་མུ་འབྲེལ་དྲོད་ཁང་ཆེ་ཤོས་དེའང་རེད། དེར་ལེ་ལག་སྒྲིག་བཀོད་ཆ་ཚང་བ་དང་ནུས་པ་འཐུས་སྒོ་ཚང་བ་མ་ཟད། མི་རིགས་ཀྱི་རིག་གནས་ལ་བཅངས་པའི་དད་མོས་དང་འཕེལ་རྒྱས་ཀྱི་ནང་དོན་གསར་པའང་མཉམ་འདྲེས་བྱས་སྟབས་དུས་རབས་ཀྱི་འགྱུར་ལྡོག་མངོན་བཞིན་ཡོད།

    ད་ལྟ་མུའུ་བརྒྱའི་མུ་འབྲེལ་དྲོད་ཁང་གིས་སློབ་གྲྭ་ཆེ་མོ་བ་20དང་ས་གནས་དེ་གའི་གྲོང་མི་110ལྷག་ཙམ་ལས་ཀར་བསྡུས་ཡོད། དུས་འགོའི་གསོ་སྦྱོང་བརྒྱུད་ཁོ་ཚོའི་དོ་དམ་དང་ཞབས་འདེགས་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    647614_yis_1564548355027.jpg

    ཡུལ་སྐོར་བས་ཕྲུ་གུ་ཁྲིད་ནས“ཡིད་འོང་ཚལ་སྣེའི”མཛེས་ལྗོངས་ཁུལ་དུ་པར་རྒྱག་བཞིན་པ།

    647617_yis_1564548356216.jpg

    ཡུལ་སྐོར་བས་བོད་སྨན་གྱི་ལུམས་རྒྱག་བཞིན་པ།

    647615_yis_1564548355507.jpg

    ཡུལ་སྐོར་བའི་ངལ་གསོ་རྒྱག་ས།

    647609_yis_1564548352998.jpg

    ཡུལ་སྐོར་བས་ཆུ་ཚན་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།