[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རིག་གནས་ཡུལ་སྐོར་ཐོན་ལས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    མིག་སྔར། བོད་དུ་རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)གི་རིམ་བཞིའི་མིང་གཞུང་མ་ལག་གྲུབ་ཟིན་པ་དང་། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པ་3དང་། རང་སྐྱོང་ལྗོངས་རིམ་པ་70 གྲོང་ཁྱེར་རིམ་པ་89 རྫོང(ཆུས)རིམ་པ་72བཅས་ཡོད་པ་དང་། ཁྱབ་ཁོངས་ཐད་རིག་གནས་ཡུལ་སྐོར་ལས་རིགས་དང་། འཁྲབ་སྟོན་རོལ་རྩེད་ལས་རིགས། མི་རིགས་ལག་ཤེས་ཐོན་རྫས་ལས་རིགས་སོགས་ཚུད་པ་མ་ཟད། ལྷ་ས་དང་། གཞིས་རྩེ། ནག་ཆུ། ཉིང་ཁྲི། ལྷོ་ཁ། ཆབ་མདོ་བཅས་གྲོང་ཁྱེར་དྲུག་ལ་ཁྱབ་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིག་གནས་ཐོན་ལས་ལ་ཐང་ག་དང་སྐུ་འདྲ་བཞེངས་རྒྱུ་ཚབ་མཚོན་དུ་བྱས་པའི་མི་རིགས་ལག་ཤེས་ལས་རིགས་དང་། མི་རིགས་ཀྱི་འཁྲབ་སྟོན་ཚབ་མཚོན་དུ་བྱས་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐོན་རྫས། “རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཚབ་མཚོན་དུ་བྱས་པའི་ཐོན་རྫས་འགྲེམས་ཚོང་གཙོ་བོར་བྱས་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་གྱིས་ཆགས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རིག་གནས་ཁེ་ལས་སྣ་ཚོགས་6000ལྷག་ཙམ་དང་ལས་གཉེར་མི་སྣ་ཁྲི་5ལྷག་ཙམ་ཟིན་པ་དང་། ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་46ལྷག་ཙམ་ཟིན་ཡོད། ཉེ་བའི་ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་2013ལོའི་སྒོར་དུང་ཕྱུར་24.24ནས་2018ལོའི་སྒོར་དུང་ཕྱུར་46བར་འཕར་བ་དང་། ལོ་ལྔ་བསྟུད་མར་ལོའི་ཆ་སྙོམས་འཕར་ཚད་15%ཡན་རྒྱུན་འཁྱོངས་ཐུབ་སྟེ། རིག་གནས་ཐོན་ལས་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    མིག་སྔའི་བར་བོད་ཀྱིས་ཧྲང་ཧའེ་དང་། ཧྲེན་ཀྲེན། ཁྲང་ཧྲ་སོགས་སུ“བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་ཚོང་དོན་ཞབས་ཞུའི་སྐར་ཁུང”6བཙུགས་ཡོད་པ་དང་། འདི་ལོ་སླར་ཡང་སྐར་ཁུང་5འཛུགས་ཐུབ་རེ་ཡོད་པ་རེད།

    ཤོད་རྒྱུན་དུ་ལྷ་སའི་སྐྱིད་ཆུའི་ཕ་རོལ་དུ་ཆགས་པའི་ཚེ་མཆོག་གླིང་གྲོང་ཚོ་ནི་འུན་ཤིང་ཀོང་ཇོའི་གནས་སྐབས་ཀྱི་བཞུགས་ས་ཡིན་ཞིང་། 2013ལོར་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དེ་གར་དངོས་སུ་འཁྲབ་སྟོན་བྱས་པས། དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་ཞིང་འབྲོག་པ་ཆིག་སྟོང་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་བོད་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་490.14ཟིན་ནས། རང་སྐྱོང་ལྗོངས་ཡུལ་སྐོར་ལས་རིགས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་ཀྱི་དམིགས་ཚད་ལས་འགན་ལོ་གཉིས་སྔ་སྣུར་དུ་ལེགས་འགྲུབ་བྱུང་ཡོད། “དགུན་དུས་བོད་དུ་ཡུལ་སྐོར་བྱས་ནས། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པར་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ནས་དགུན་དུས་སུ་ཡུལ་སྐོར་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་ནས་རིམ་བཞིན་མང་དུ་ཕྱིན་ཏེ་བོད་ཀྱི་ཡུལ་སྐོར་གྱི་མིང་བྱང་གསར་པ་ཞིག་ཏུ་རིམ་བཞིན་གྱུར་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འགན་འཁུར་བས་2019ལོར་བོད་ཀྱིས་སྤུས་ཚད་མཐོ་བ་དང་། ས་ཁོངས་ཆ་ཚང་། དུས་དང་རྣམ་པ་ཀུན་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་བསམ་བཀོད་ལྟར། སྔོ་ཞིང་དྭངས་པའི་རི་ཆུ་དང་། གངས་རི་དང་ན་ཁ། ཕ་ཡུལ་གྱི་རིག་གནས་སོགས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་པ་དང་། དུས་རབས་གསར་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དང་སྲིད་ཇུས་བཟང་པོ་སྤྱོད་གང་ཐུབ་ཀྱིས་ཐོན་ཁུངས་གཅིག་གྱུར་དང་། མཉམ་ཤུགས་གཅིག་སྒྲིལ། ཞན་ཆ་གསབ་པ། འཇུར་མིག་སེལ་བ་བཅས་བྱས་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ། ཞིང་འབྲོག་པའི་འབབ་འཕར་དང་ལས་ཞུགས་ལ་ལྟ་རྟོགས་བྱེད་རྒྱུ་ཡིན་པ་རེད། ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁོངས་གཏོགས་ཀྱིས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་མུ་མཐུད་བཏོད་ནས་སྤུས་ཚད་མཐོ་བ་དང་། ས་ཁོངས་ཆ་ཚང་། དུས་དང་རྣམ་པ་ཀུན་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་དམངས་ཕྱུག་དང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་”རྣམ་གྲངས་འཛུགས་སྐྲུན། འཕར་སྣེ་སྐྱེད་སྲིང་། འཛད་སྤྱོད་བྱེད་སྟངས་གསར་གཏོད། ཐོན་ལས་གཅིག་སྡུད། བློ་རིག་ཡུལ་སྐོར་སོགས་ཀྱི་གཙོ་གནད་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས། ཡུལ་སྐོར་བ་མི་ཐེངས་ཁྲི་4000ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་580ཟིན་པ་བྱ་རྒྱུ་རེད་ཅེས་བཤད་པ་རེད། 


    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།