[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དགུན་དུས་བོད་དུ་ཡུལ་སྐོར་ཚ་རླབས་འཕྱུར། དྲོ་འཇམ་ཉི་འོད་འཚེར་བའི་ཡུལ་དེ་སྐྱིད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-01

    2018ལོའི་ཟླ་11ཚེས་1ཉིན་ནས་འདི་ལོའི་ཟླ་3ཚེས་15ཉིན་བར་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ཏེ་རིན་གོང་དེ་བས་ཁེ་བ་དང་ཞབས་ཞུ་དེ་བས་ལེགས་པའི་སྒོ་ནས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བས་བོད་ཀྱི་གངས་རི་དང་ནམ་མཁའ་གཡའ་དག་པའི་ངོ་མཚར་མཛེས་ལྗོངས་དེ་བས་མྱོང་རོལ་ཐུབ་པར་བྱས་ཡོད། འདི་ལོའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་ནང་དོན་དེ་བས་ཕུན་སུམ་ཚོགས་ཤིང་། རང་སྐྱོང་ལྗོངས་ཡུལ་སྐོར་གསར་སྤེལ་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་ཡུལ་སྐོར་གྱི་རིན་གོང་ཕྱེད་ཀ་བཅག་པས་ཡུལ་སྐོར་གྱི་སྤྲོ་སྣང་མྱོང་རོལ་དེ་བས་ཐུབ་རྒྱུ་རེད་ཅེས་བཤད།

    རང་སྐྱོང་ལྗོངས་ཡུལ་སྐོར་གསར་སྤེལ་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་ངོ་སྤྲོད་བྱས་པར། 2018ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས“དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་བ་དང་འབྲེལ་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གཟིགས་སྐྱོང་སྲིད་ཇུས་ཆེ་ཤོས་དེ་བཏོན་ཡོད། ད་ཐེངས“དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོའི་གཟིགས་སྐྱོང་དེ་འདྲ་དེ་སྔ་ལག་བསྟར་བྱེད་མྱོང་མེད། ལྗོངས་ཡོངས་ཀྱི་གཞུང་ཁོངས་A3རིམ་པ་ཡན་གྱི(A3རིམ་པ་ཚུད་པ)མཛེས་ལྗོངས་ཁུལ་ལ་སྒོ་འཛིན་མི་དགོས་པར་ཡུལ་སྐོར་བྱེད་ཆོག་པ་དང་གཞུང་ཁོངས་A3རིམ་པ་མན་དང་གཞུང་ཁོངས་མིན་པའི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་རིན་གོང་ཡུལ་སྐོར་བ་ཉུང་བའི་སྐབས་ཀྱི་རིན་གོང་གི་རྨང་གཞིའི་ཐོག་ཕྱེད་ཀ་གཅོག་རྒྱུ་རེད། ལྗོངས་ཡོངས་ཀྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་རྒྱལ་སྤྱིའི་སྤུས་རྟགས་དང་ཨར་ཁང་རྩེ་གྲའི་ཁང་པའི་རིན་གོང་ཡུལ་སྐོར་བ་མང་བའི་རིན་གོང་གི་50%ལས་མ་བརྒལ་བ་བྱ་རྒྱུ་དང་། མཁའ་འགྲུལ་ཀུང་སི་ཁག་གིས་བཅག་པའི་རིན་གོང་50%ལས་མི་དམའ་བ་སོགས་རེད།

    གསར་འགོད་པས་ལྷ་སའི་གསོལ་མགྲོན་ཁང་ཁག་གཅིག་ཏུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། “དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོའི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་ཡུལ་སྐོར་བ་སྐར་མ་རིམ་པའི་གསོལ་མགྲོན་ཁང་དུ་བསྡད་ན་དངུལ་སྒོར་600ཡང་སྤྲོད་མི་དགོས་པ་དང་སྐར་མ་རིམ་པ་གསུམ་པའི་གསོལ་མགྲོན་ཁང་དང་མུ་འབྲེལ་གསོལ་མགྲོན་་ཁང་རྩེ་གྲའི་རིན་གོང་དམའ་ཤོས་སྒོར་100བྱས་པ་སྣ་ཚོགས་ཡོད། དེ་བས་གླེང་དགོས་པ་ཞིག་ལ། བོད་དུ་སྐྱོད་མཁན་གནམ་གྲུའི་སྤ་སེའི་རིན་གོང་ཁེ་པོ་ཡོད་པ་རེད། གནམ་གྲུའི་སྤ་སེ་འཚོང་སར་ཁྲེང་ཏུའུ་དང་ཤིས་ཨན་སོགས་བོད་དུ་བསྐྱོད་མཁན་གནམ་གྲུའི་སྤ་སེའི་རིན་གོང་སྒོར་300ཡང་ཟིན་གྱི་མེད་པ་རེད།

    “གོང་ཁེའི་རིན་གོང”མངོན་འགྱུར་བྱུང་བ་དང་ཆབས་ཅིག ཡུལ་སྐོར་ཐོན་རྫས་ཀྱི་རིམ་སྤོར་ལེགས་གཏོང་ལའང་རྒྱུན་ཆད་མེད་པར་སྐུལ་མ་ཐེབས་ཡོད། འདི་ལོའི་ཟླ་བ་དང་པོར་ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་པའི་གཤམ་འོག་ཀུང་སི་བོད་ལྗོངས་ཐུའུ་ཡུན་རང་འཁོར་སྒར་ས་ཚད་ཡོད་ཀུང་སིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད། ལྷ་སའི་རང་འཁོར་སྒར་སའི་མྱོང་རོལ་བྱེད་སྒོ”དངོས་སུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོའི་དམིགས་ཡུལ་ནི་རང་འཁོར་སྒར་སའི་མྱོང་རོལ་བརྒྱུད། ཡུལ་སྐོར་བ་མང་པོས“རང་འཁོར་བཏང་ནས་རང་དགར་ཡུལ་སྐོར་བྱེད་པའི”ཡུལ་སྐོར་བྱེད་ཐབས་གསར་པ་ཤེས་རྟོགས་ཐུབ་པ་མ་ཟད། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཚ་རླབས་འཕྱུར་ཐུབ་པ་དང་འབྲེལ། བོད་ཀྱི་ཡུལ་སྐོར་རྩེ་གྲ་ཅན་དང་སྤུས་རྟགས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། བྱེད་སྒོ་དེ་2019ལོའི་ཟླ་3ཚེས་31ཉིན་བར་སྤེལ་རྒྱུ་རེད།

    “དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོའི་རིང་ཡུལ་སྐོར་ལས་དོན་ཁང་ཁག་གིས“མཛེས་ལྗོངས་ལམ་ཐིག”དང“མྱོང་རོལ་ཟབ་མོའི”འབྲེལ་ཡོད་ཡུལ་སྐོར་རྣམ་གྲངས་བཏོད་ཡོད།

    ཡུལ་སྐོར་བས“དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོར་རིན་གོང་ཁེ་བའི་འཛད་སྤྱོད་ལོངས་སུ་སྤྱོད་ཐུབ་པ་མ་ཟད། གནས་མཆོག་གནའ་གྲོང་གི་རིག་གནས་རྣམ་པ་དེ་བས་མྱོང་རོལ་བྱེད་ཐུབ། བོད་ལྗོངས་ཉིང་ཁྲིར་དགུན་དུས་ཀྱི་རྣམ་པ་དེ་བས་ཡིད་དབང་འཕྲོག་ཅིང་། ཀླུ་ནང་ཁྱད་ལྡན་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུར་གངས་རི་དང་། མཚེའུ་དང་སྤང་། འབྲོག་ར། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་བཅས་ཡིད་འོང་རྣམ་པ་དེ་དག་གིས་ཡུལ་སྐོར་བར“ཤར་ཕྱོགས་ཀྱི་སུའེ་ཙེར”ལྟར་གྱི་རི་མཐོ་ནགས་ཚལ་གྱི་རྣམ་པ་མཐོང་ཐུབ།

    གོང་ཁེ་བའི་མང་ཚོགས་ཀྱི་འགྲུལ་ཁང་དུ་ཡུལ་སྐོར་བས་ཁེངས་པ་དང་ས་གནས་ཀྱི་མཛེས་ལྗོངས་ལྟེ་གནས་སུ་ཡོད་པའི་བོད་ལྗོངས་ཉིང་ཁྲི་ཧེང་ཏ་གསོལ་མགྲོན་ཁང་གི་ཁང་པའི་རིང་གོང་ཁེ་པོ་ཡོད་པས་ཡུལ་སྐོར་བས་སྐར་མ་རིམ་པ་5པའི་གསོལ་མགྲོན་ཁང་དུ་སྡོད་ཆོག

    དགུན་དུས་ནི་ཇོ་རིའི་རྣམ་པར་ལྟ་བའི་དུས་ཚོད་ཡག་ཤོས་དང་གངས་ཏི་སི་དང་མ་ཕམ་གཡོ་མཚོའི་མཛེས་སྡུག་རྣམ་པ་སྔར་བཞིན་ཡིད་དབང་འཕྲོག་པ་ཞིག་ཡོད། བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སིས་དགུན་དུས“ཇོ་རི་འཛེག་པའི་ཡུལ་སྐོར”བྱེད་སྒོ་སྤེལ་ཡོད།

    ད་ཕན་ལོ་ཤས་རིང་། བོད་ཀྱི་ས་གནས་ཁག་གི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། ལྷག་པར་དུ་ཡུལ་སྐོར་གསར་སྤེལ་ཐད་འགྲིམ་འགྲུལ་དང་། ཞག་སྡོད། ཞབས་ཞུའི་སྤུས་ཚད་བཅས་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་དང་དྲོད་རླངས་མཁོ་འདོན་སྒྲིག་ཆས་ཀྱང་བསྒར་ཡོད་ལ། ཡུལ་སྐོར་བས་ས་ཆ་དང་གསོལ་མགྲོན་ཁང་གཏན་འཁེལ་མ་བྱུང་གོང་འབྲེལ་ཡོད་སྒྲིག་ཆས་ཆ་ཚང་ཡོད་མེད་སྔ་སྣུར་དུ་ཤེས་རྟོགས་བྱེད་ཆོག

    དགུན་དུས་བོད་དུ་གསོ་རླུང་དཀོན་པས་དེ་ནི་དོན་དངོས་ཀྱི་གནད་དོན་ཞིག་རེད། “དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོ་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་བརྒྱུད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ད་ཆ་གསོལ་མགྲོན་ཁང་ཚང་མར་གསོ་རླུང་སྒྲིག་ཆས་བསྒར་ཡོད་པ་དང་གསོ་རླུང་གཏོང་རྒྱུ་དེ་གསོལ་མགྲོན་ཁང་ཚང་མའི་མཚོན་རྟགས་སུ་འགྱུར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།