[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཡུལ་སྐོར་ལ་བརྟེན་པས་མང་ཚོགས་ཚང་མར་འབབ་འཕར་བྱུང་བ།

    ​ བོད་ལྗོངས་མངའ་རིས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་བཅུ་ལས་ཐོག་མར་བརྒལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-24

    ཟླ་1ཚེས་4ཉིན། གནམ་ལོ་གསར་ཚེས་འཆར་བ་དང་བསྟུན་ནས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ཀེ་ཆིང་མེས་ལྷ་སར་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མི་རྣམས་སེམས་འགུལ་ཐེབས་པའི་གཏམ་བཟང་ཞིག་ཁྱབ་བསྒྲགས་བྱས་པ་སྟེ། 2018ལོར་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་87.6ལ་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་10.42ཟིན་ཏེ་ཡུལ་སྐོར་གྱི་ལོའི་ཡོང་འབབ་སྒོར་དུང་ཕྱུར་10ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་མངའ་རིས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་དེ་རེད།

    དེ་དང་ཕྱོགས་མཚུངས་ཐག་རིང་ཡུལ་དུ་གནས་པའི་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་དང་དྲུ་ས་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་ཡུལ་སྐོར་ཐོན་ཁུངས་གྲགས་ཅན་ཆེ་གྲས་གཉིས་ཡོད་པའི་མངའ་རིས་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་མཐོ་ལྡིང་གྲོང་ལྷན་གྱི་མང་ཚོགས་ཚོས་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་སྟོབས་རྒྱལ་གྱི་འབོད་སྐུལ་འོག 2018ལོར་ལས་མཇུག་འགྲིལ་ནས་ཁང་གསར་དུ་གནས་སྤོ་བྱས་པའི་མཐོ་ལྡིང་ཚོགས་ཆུང་གི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་ཡུལ་མི་དུད་ཚང་23གྱིས་དུད་ཚང་རེས་ཁང་མིག་གཉིས་རེ་བཏོན་ནས་ཁྱོན་ཁང་མིག་46ཡོད་པ་དེ་དག་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུར་སྤྱད་དེ་ཡུལ་མིའི་ཡོང་འབབ་མང་དུ་གཏོང་རྒྱུའི་ཐག་བཅད་པ་རེད།

    དེ་གོང་གྲོང་ལྷན་དེའི་རྩ་ཧྲེང་ཚོགས་ཆུང་གི་ཁྱིམ་ཚང་མགྲོན་ཁང་ཡང་ཐོག་མའི་དུད་ཚང་3ནས་32བར་འཕེལ་རྒྱས་བྱུང་བ་དང་། ཉལ་ཁྲི་500ལྷག་ཙམ་ཟིན་ཏེ་ཚོགས་ཆུང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་5000ཡན་ཟིན་ཡོད་པ་རེད།

    མཐོ་ལྡིང་གྲོང་ལྷན་གྱི་འཕོ་འགྱུར་ནི་མངའ་རིས་ཀྱི་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཀྱིས་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་གཏོད་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུ་ལྟེ་བར་བྱེད་པ། གངས་ཏེ་སིའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་འཆར་འགོད་གསར་སྤེལ་བྱ་རྒྱུ་སྣེ་འདྲེན་དུ་བྱེད་པ་བཅས་ཀྱི་སྒོ་ནས“ངོ་མཚར་གྱི་ནུབ་བོད། མཁའ་དབྱིངས་ཀྱི་མངའ་རིས”སོགས་བརྗོད་དོན་གཙོ་བོའི་གཟུགས་བརྙན་གཙོ་གནད་ཐོག་བཏོད་དེ་ཡུལ་སྐོར་ཁྲོམ་རའི་གཙོ་གཟུགས་ཟམ་མི་ཆད་པར་སྟོབས་ཆེར་བཏང་བས་སྤུས་རྟགས་གཟུགས་བརྙན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཞིང་། ཡུལ་སྐོར་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་རེད།

    ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད། 2018ལོར་མངའ་རིས་ས་ཁུལ་གྱིས་སྤུ་ཧྲེང་རྫོང་གི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་དང་། རྩྭ་མདའ་རྫོང་རྩྭ་མདའ་དྲུ་སའི་མཛེས་ལྗོངས་ཁུལ་རྩེ་གྲའི་ཚོད་ལྟའི་ལས་གྲྭ་སོགས་ཆེད་དོན་མ་དངུལ་གྱི་རྣམ་གྲངས་བདུན་དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་2317བཏང་ཡོད་པ་རེད། ཀྲུང་དབྱང་གི་སྔོན་རྩིས་ནང་སྙན་སེང་ཞུས་པའི་མ་དངུལ་རྣམ་གྲངས་ཁྱོན་ཁག་16ཡོད་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་1.6ཟིན་ཡོད། སྤུ་ཧྲེང་རྫོང་མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤུ་ཧྲེང་རྫོང་རིག་གནས་ཡུལ་སྐོར་བློ་འདྲིའི་ཞབས་ཞུའི་ལྟེ་གནས་སོགས་ཁག་དང་པོའི་རྣམ་གྲངས་བཅུ་པོའི་དུས་འགོའི་འགྲོ་ལུགས་ཚང་མ་གཉེར་ཟིན་པ་དང་། མངའ་རིས་ས་ཁུལ་གྱི་མཚན་གུང་སྤྱི་གླིང་གི་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁག་གཉིས་པའི་རྣམ་གྲངས་དྲུག་གི་དུས་འགོའི་ཞིབ་མཆན་འགྲོ་ལུགས་གཉེར་བཞིན་ཡོད་པ་རེད།

    ན་ནིང་མངའ་རིས་ཀྱིས་སྒོར་ཁྲི་225བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ཚོང་ཟོག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པ། ཞིང་འབྲོག་པ་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་རྒྱུར་ལྕག་སྐུལ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ལས་སྟེགས་བཏོད་ཅིང་། ན་ནིང་ལོ་ཧྲིལ་པོར་ཡུལ་སྐོར་ཞབས་ཞུའི་ནང་ཞིང་འབྲོག་པ་མི་ཁྲི་1.26ཞུགས་པར་ཡོང་འབབ་སྒོར་དུང་ཕྱུར་1.13བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་22.63%དང་18.1%སོ་སོར་འཕར་ཡོད། ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་76ཡོད་པའི་ནང་སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་32དང་ཞིང་འབྲོག་པ་དབུལ་པོའི་ཁྱིམ་ཚང་མགྲོན་ཁང་12ཡོད་ལ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཐད་ཀར་ཡུལ་སྐོར་ཞབས་ཞུར་ཞུགས་པའི་མི་གྲངས་1047ཟིན་པ་དང་། ས་ཁུལ་ཡོངས་ནས་མི་233ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ནང་ཞུགས་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་253.1བྱུང་ཡོད། ཞིང་འབྲོག་པའི་ཡུལ་སྐོར་ལས་དོན་པ་ཆིག་སྟོང་ལྷག་ཁག་ཐེངས་བཅུར་བགོས་ནས་ལྷ་ས་དང་། ཉིང་ཁྲི། ཤིས་ཨན། ཁྲེང་ཏེ་སོགས་སུ་ཡུལ་སྐོར་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་དང་ཆབས་ཅིག་ལས་ཞུགས་ཐུབ་ཡོད་པ་རེད།

    མིག་སྔར་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་དབར《མངའ་རིས་ས་ཁུལ་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཡུལ་སྐོར་རིག་གནས་ཐོན་ཁུངས་གསར་སྤེལ་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་ནས། སླད་ཕྱིན་ལོ་ལྔའི་ནང་སྒོར་དུང་ཕྱུར་8ནས་10བར་བཏང་ནས་མངའ་རིས་ས་ཁུལ་གྱི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ་དང་འབྲེལ། ཡུལ་སྐོར་ལས་རིགས་གང་མྱུར་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་རྒྱུའི་འཆར་གཞི་ཡོད་པ་རེད། རུ་ཐོག་དང་རྩྭ་མདའ་རྫོང་གཉིས་ཀྱིས་ཀྱང་ཀུང་སི་དེ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་2དང་སྒོར་དུང་ཕྱུར་1.25ཟིན་པའི《འཛམ་གླིང་གི་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་མངའ་རིས་རོང་ཆེན་གྱི་ཡུལ་སྐོར་ཁུལ་གསར་སྤེལ་གྱི་གྲོས་མཐུན》བཞག་པ་རེད།

    མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲོའུ་ཧྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོར་མངའ་རིས་ཀྱིས་ཁྱད་ལྡན་དང་། རྩེ་གྲ། སྤུས་ལེགས་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་བྱས་ནས་ཞང་ཞུང་རིག་གནས་དང་། གནས་རི་བླ་མཚོ། གུ་གེའི་དྲུ་ས། གསར་བརྗེའི་ཡུལ་སྐོར། མཚན་གུང་གི་སྐར་ཚོགས། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྤྱན་གཟིགས་བཅས་ཐོན་ཁུངས་ཆེ་གྲས་6གསར་སྤེལ་བེད་སྤྱོད་ཡག་པོ་བྱེད་པ་དང་། “རྨང་གཞི་འདིང་བ་དང་། གཟུགས་བརྙན་བཏོད་པ། འགྲུལ་ཁུངས་མང་གཏོང་། སྤུས་ཚད་མཐོར་གཏོང་། འབབ་འཕར་ལ་སྐུལ་གཏོང་། མཉམ་ལས་ལ་ཤུགས་སྣོན”བཅས་ལས་དོན་ཆེ་ཁག་6ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་འཆར་འགོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དྲིལ་བསྒྲགས་བྲིན་སྐུལ་བྱ་ཐབས། ཡུལ་སྐོར་ཁྲོམ་རའི་ལྟ་སྡོམ་དང་ཡུལ་སྐོར་བདེ་འཇགས། ཚོང་འགུགས་མ་འདྲེན་དང་མཉམ་ལས་སྤེལ་རེས། ཡུལ་སྐོར་གནད་སྨིན་དབུལ་སྐྱོར། ཡུལ་དུས་ཁྱད་མེད་དུ་ཡུལ་སྐོར་བཅས་ཕྱོགས་དྲུག་ཐད་ཚད་བརྒལ་གསར་པ་ཡོང་གང་ཐུབ་བྱས་ནས་མངའ་རིས་ཀྱི་ཡུལ་སྐོར་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 


    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།