[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་བ།

    བོད་ཀྱིས་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3000ལས་ཐོག་མར་བརྒལ་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-12

    ཚེས་10ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོར་བོད་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3000ལས་ཐོག་མར་བརྒལ་ནས་མི་ཐེངས་ཁྲི་3368.7ཙམ་ཟིན་པ་དེ་དུས་མཚུངས་ལས་31.5%འཕར་བ་དང་། 2013ལོ་ཚུན་གྱི་འཕར་ཚད་མཐོ་ཤོས་ཀྱི་ལོ་ཞིག་ཡིན་པ་རེད། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ཀྱིས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཡོང་བར་རམ་འདེགས་བྱས་ཡོད་པ་རེད།

    བོད་ལ་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་ཉམས་འགྱུར་ལྡན་ཡོད་མོད། འོན་ཀྱང་གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས་དགུན་དུས་སུ་རྟག་ཏུ་ཡུལ་སྐོར་བ་ཉུང་བས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ལོ་ཕྱེད་ཙམ་གྱི་དཀའ་གནད་འཕྲད་ཀྱི་ཡོད།

    “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་བཏོད་ནས་ཡུལ་སྐོར་ལས་རིགས་ཀྱི་ལོ་ཧྲིལ་པོའི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་2018ལོའི་ཟླ་2པ་དང་ཟླ་11སོ་སོར“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ཐེངས་གཉིས་སྤེལ་བ་དང་། དེའི་རིང་Aརིམ་པའི་མཛེས་ལྗོངས་ཁུལ་ཁག་གཅིག་ལ་རིན་མེད་ལྟ་སྐོར་བྱེད་ཆོག་པ་དང་། གསོལ་མགྲོན་ཁང་དང་། རླངས་འཁོར། མཁའ་འགྲུལ་སོགས་ཀྱི་གྲོན་དངུལ་གཟིགས་སྐྱོང་བྱས་ཡོད། ཡུལ་སྐོར་སྡེ་ཚན་གྱིས་ད་དུང་དྲ་ཐོག་གི་ལས་སྟེགས་ཁག་དང་མཉམ་ལས་ཀྱིས་འོས་སྦྱོར་བྱས་ཏེ“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་མིང་གྲགས་རྒྱ་ཆེར་བཏང་ཡོད།

    “ཡུལ་སྐོར་བཟང་དུས་སུ་སྤྱིར་བཏང་གི་མགྲོན་ཁང་ལ་སྡོད་པའི་དངུལ་གྱིས་དགུན་དུས་རིམ་ལྔའི་མགྲོན་ཁང་ལ་སྡོད་ཐུབ་ཀྱི་འདུག”ཅེས་ཧྲང་ཧའེ་ནས་ཡིན་པའི་མཁྱེན་ལྡན་མ་ལུའུ་ལགས་ཀྱིས་དེ་ལྟར་བཤད། ཁོང་གིས་ན་ནིང་གི་ཟླ་བཅུ་གཉིས་པར་ཡུལ་སྐོར་དྲ་ཚིགས་ཤིག་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་སྲིད་ཇུས་ཤེས་རྟོགས་བྱུང་བས་དགུན་གསེང་རིང་བོད་དུ་འགྲོ་རྒྱུ་གཏན་འཁེལ་བྱས། “དགུན་དུས་ཀྱི་བོད་ལྗོངས་ཧ་ཅང་མཛེས་པོ་འདུག་ལ། ལྷ་ས་གྲོང་ཁུལ་ནས་ཀྱང་གངས་རི་མཐོང་གི་འདུག་པས་དེ་ནི་མི་ཚེ་གཅིག་ལ་བརྗེད་པར་དཀའ་བ་ཞིག་འདུག”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”རེས་སྐོར་དང་པོའི་བྱེད་སྒོ་སྤེལ་རྗེས་བོད་ཀྱིས་2018ལོའི་ཟླ་དང་པོ་ནས་བཞི་པ་བར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་བསྡོམས་མི་ཐེངས་ཁྲི་260ཙམ་ཟིན་པ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་35བྱུང་ཡོད་པ་དེ་དུས་མཚུངས་ལས་བཅུ་ཆ་དྲུག་ཙམ་འཕར་ཡོད་པ་རེད། རེས་སྐོར་གཉིས་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། 2018ལོའི་ཟླ་བཅུ་གཅིག་ཁོ་ནར་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་འཕར་ཚད་100%ཟིན་པ་དང་། ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ན་ནིང་གི་དུས་མཚུངས་ལས་ལྡབ་4ལྷག་ཙམ་མང་དུ་ཕྱིན་ཡོད། བསྡོམས་རྩིས་ལས་མངོན་གསལ། ན་ནིང་ལོ་ཧྲིལ་པོར་བོད་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་490བྱུང་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་བོད་ཀྱིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་དགུན་ཁའི་ཁྱད་ཆོས་ལྡན་པའི་ཆུ་ཚན་ཡུལ་སྐོར་དང་། སྣོད་བཅུད་ཡུལ་སྐོར་། གྲོང་གསེབ་ཡུལ་སྐོར། ལུས་གསོའི་ཡུལ་སྐོར་སོགས་རྣམ་གྲངས་གསར་སྤེལ་དང་དུས་མཚུངས། དགུན་དུས་སུ་མི་རིགས་ཀྱི་དུས་ཆེན་གཅིག་འདུས་ལེགས་ཆ་སྤྱད་དེ་རིག་གནས་ཀྱི་ཐོན་ཁུངས་དེ་བས་མང་བ་ཡུལ་སྐོར་ཐོན་རྫས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།