[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • གནམ་མཚོ་ཤང་།

    ​ རང་བྱུང་མཛེས་པས་ཡོངས་སུ་ཕྱུག་པའི་ཡུལ་སྐོར་གནས་བཟང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-16

    575180_yis_1544415374177_s.jpg

    གནམ་མཚོ་ཤང་གི་མཛེས་ལྗོངས།

    “ལུག་མགྲོན་ཁང”ནས“ལྷ་ལུག་ཀུང་སིའི”བར་གྱི་འཕེལ་རྒྱས།

    ཤར་རླུང་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད། སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་2009ལོར་གནམ་མཚོའི་བཀྲ་ཤིས་མདོ་རུ“ལུག་མགྲོན་ཁང”གཉེར་འགོ་ཚུགས་པ་དང་མིག་སྔར་བཀྲ་ཤིས་མདོ་རུ་སྐད་གྲགས་ཆེ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཉལ་ཁྲི་མང་ཤོས། སྣེ་ལེན་བྱེད་ནུས་ཡག་ཤོས་བཅས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཏེ། བོད་ལྗོངས་ལྷ་ལུག་གྲོང་གསེབ་ཡུལ་སྐོར་རིག་གནས་ཚད་ཡོད་ཀུང་སིར་འཕེལ་རྒྱས་ཕྱིན་ཡོད།

    ཀུང་སིའི་ཏུང་ཧྲི་ཀྲང་དཀོན་མཆོག་ཚེ་ཐར་ནི་སེམས་པ་བཟང་ལ། མིག་རྒྱང་རིང་བ་ཞིག་རེད། མ་བུ་གཉིས་ཀྱི་ལས་གཏོད་གཏམ་རྒྱུད་སྐོར་བརྗོད་སྐབས་ཇི་མ་ཇི་བཞིན་སེམས་ལ་གསལ་པོ་ངེས་ཡོད།

    དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་། གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཇེ་མང་དུ་སོང་ནའང་བཀྲ་ཤིས་མདོ་རུ་དགོན་པས་བཙུགས་པའི་སྟབས་བདེའི་སྣེ་ལེན་ཁང་གཅིག་ལས་མེད། དཀོན་མཆོག་ཚེ་ཐར་གྱི་མ་ཨ་བཀྲ་མཐོང་རྒྱ་ཆེན་པོ་ཡོད་པས་ཚོང་གི་གོ་སྐབས་མཐོང་སྟེ། ནོར་ལུག་འཚོ་མཚམས་བཞག་ནས་ཁྱིམ་མི་5པོ་འཁྲིད་དེ་སེམས་ཐག་གཙང་བཅད་ཀྱིས་རང་གི་དགའ་ཤོས་འབྲོག་ར་དང་ནོར་ལུག་དང་ཁ་བྲལ་ཏེ་སྤུན་མཆེད་ས་ནས་གཡར་བའི་སྦྲ་གུར་གཉིས་བཀྲ་ཤིས་གླིང་ཕྲན་ཐོག་ཕུབ་ནས་ཡུལ་སྐོར་ཞབས་ཞུའི་ལས་ལ་གཞོལ།

    “སྐབས་དེར་ཆ་རྐྱེན་སྐྱོ་པོ་ཡོད། གུར་ནང་དུ་སྦི་རག་ཤོག་སྒམ་དང་ཁ་གདན་བཏིང་སྟེ་ཉལ་ཁྲི་བྱེད་ཀྱི་ཡོད། ཡུལ་སྐོར་བ་མང་ཤོས་སྐབས་གུར་ནང་མི་8ཤོང་གི་ཡོད”ཅེས་ལས་གཏོད་ཀྱི་དཀའ་ཚེགས་གནས་ཚུལ་སྐོར་གླེང་སྐབས་ལོ་ན་གཞོན་པའི་དཀོན་མཆོག་ཚེ་ཐར་གྱིས་དྲན་གསོ་བྱེད་བཞིན་བཤད།

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ཏེ་དཀོན་མཆོག་ཚེ་ཐར་མ་བུ་གཉིས་ཀྱི་ཚོང་ཇེ་ལེགས་སུ་ཕྱིན་ཞིང་། 2009ལོར་ཨ་བཀྲས་བློ་ཁོག་ཆེན་པོས་མ་དངུལ་སྒོར་ཁྲི་80བཏང་སྟེ་བཀྲ་ཤིས་མདོའི་ས་རྒོད་ཐོག་རྒྱ་ཁྱོན་སྨི་ངོས་གྲུ་2000ལྷག་ཙམ་དང་། ཁང་མིག་39 ཉལ་ཁྲི་156བཅས་ཡོད་པའི“ལུག་མགྲོན་ཁང”བརྒྱབ་པ་རེད།

    ཕྱི་ཕྱོགས་ནས་ཡོང་བའི་ཡུལ་སྐོར་བ་མང་དུ་འགྲོ་བ་དང་ཆབས་ཅིག་རིག་གནས་མེད་པ་དང་རྒྱ་སྐད་མི་ཤེས་པའི་ཨ་བཀྲས་གཉེར་སྐྱོང་གི་འགན་འཁྲི་ལྕི་པོ་དེ་མཐོ་རིམ་སློབ་འབྲིང་འགྲིམས་མྱོང་བའི་བུ་དཀོན་མཆོག་ཚེ་ཐར་ལ་རྩིས་སྤྲོད་རྒྱུའི་ཐག་བཅད།

    དཀོན་མཆོག་ཚེ་ཐར་གྱིས་མའི་རེ་བ་ཆུད་ཟོས་སུ་བཏང་མེད། ཚོང་གཉེར་གྱི་བསམ་རྒྱ་ཆེ་བའི་ཁོང་གིས“ལུག་མགྲོན་ཁང”རྩིས་བླངས་རྗེས་རང་ཉིད་ཀྱི་ཚོང་གཉེར་གྱི“གོམ་སྟབས་གསུམ”སྤོ་འགོ་བཙུགས།

    གོམ་སྟབས་དང་པོ། “ལུག་མགྲོན་ཁང”གི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་བ། དཀོན་མཆོག་ཚེ་ཐར་གྱིས་འབྲེལ་ཡོད་ཡུལ་སྐོར་དྲ་ཚིགས་དང་དཔེ་དེབ་དཔེ་སྐྲུན་ཚོང་པ་དང་མཉམ་ལས་བྱས་པ་བརྒྱུད་ཕྱི་ཕྱོགས་ལ“ལུག་མགྲོན་ཁང”འོས་སྦྱོར་བྱས་པ་དང་། རྗེས་སུ་འབྲེལ་ཡོད་ཀྱི་གནམ་མཚོའི་དྲ་ངོས་དང“ཡུལ་སྐོར་བས”བྲིས་པའི་གནམ་མཚོའི་རང་བརྟེན་ཡུལ་སྐོར་གྱི“ཐབས་ཇུས”དང་ཐ་ན་ཨ་རི་དང་ཤང་ཀང་ནས་དཔེ་སྐྲུན་བྱས་པའི་ཡུལ་སྐོར་དཔེ་དེབ་ཐོག“ལུག་མགྲོན་ཁང”གི་ངོ་སྤྲོད་དང་འབྲེལ་གཏུག་བྱེད་སྟངས་བཀོད་པ་རེད།

    གོམ་སྟབས་གཉིས་པ། གཉེར་སྐྱོང་བྱེད་ཁྱོན་ཆེ་རུ་བཏང་བ། སྔར་ཡོད་ཀྱི་དམིགས་བསལ་ཁྱད་ཆོས་ཐོག་ཡུལ་ལུང་གཞན་གྱི་བྲོ་བ་ལྡན་པའི་ཚལ་བཟོ་བའི་བསམ་ཕྱོགས་ལ་གཞིགས་ནས། དཀོན་མཆོག་ཚེ་ཐར་གྱིས་མགྲོན་ཁང་གི་མ་བྱན་ལྷ་སའི་གསོལ་མགྲོན་ཁང་དུ་བོད་ཟས་དང་། རྒྱ་ཟས། ཀོང་ཏུང་གི་ཚལ་བཅས་གཡོས་སྦྱོར་བྱེད་སྟངས་སློབ་སྦྱོང་བྱེད་པར་བཏང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཁ་ཤས་ཉོས་ནས་ལྷ་ས་ནས་གནམ་མཚོའི་བར་ཡུལ་སྐོར་ཆེད་དམིགས་ལམ་ཐིག་གི་སྐྱེལ་འདྲེན་ཞབས་ཞུ་གཉེར།

    གོམ་སྟབས་གསུམ་པ། འབྲེལ་ཡོད་ཡུལ་སྐོར་སྡེ་ཚན་དང“མཉམ་འབྲེལ”བྱས་པ། ལས་ལ་བརྩོན་པའི་དཀོན་མཆོག་ཚེ་ཐར་གྱིས་ལྷ་སའི་མགྲོན་ཁང་དང་ཡུལ་སྐོར་སྣེ་ལེན་ཁང་དབར་དུས་ཡུན་རིང་པོའི་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཡུལ་སྐོར་བར་ཟ་སྡོད་འདུག་གསུམ་དང་ཡུལ་སྐོར་ཉོ་སྒྲུབ་སོགས་གཞི་གཅིག་ཅན་གྱི་ཞབས་འདེགས་ཞུས།

    2015ལོའི་དབྱར་ཁར་མགྲོན་ཁང་དེར་ཁང་མིག་68བར་མང་དུ་སོང་བ་དང་། མི་200ལྷག་ཤོང་བའི་ཟ་ཁང་ཡོད་པ་མ་ཟད། ཉེ་འགྲམ་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱང་ཚོང་གཉེར་བྱེད་འགོ་ཚུགས་ཡོད། 2016ལོར་དཀོན་མཆོག་ཚེ་ཐར་གྱིས་བོད་ལྗོངས་ལྷ་ལུག་གྲོང་གསེབ་ཡུལ་སྐོར་རིག་གནས་ཚད་ཡོད་ཀུང་སི་བཙུགས་པ་རེད།

    ངོ་མཚར་ཆེ་བའི་ཤོད་རྒྱུན་ནས་ཡོང་སྒོ་གསོག་པའི་ནོར་གཞོང་དུ་གྱུར་པ།

    རླངས་འཁོར་ས་བབ་མཐོ་ཚད་སྨི་5100ལྷག་ཡོད་པའི་ལ་རྒན་ལ་ནས་གནམ་མཚོ་ཤང་གི་ལྟེ་བའི་ཁུལ་དུ་སྐྱོད་སྐབས། མཐོང་རྒྱ་ཡངས་པོར་གྱུར་ལ་མཛེས་ལྗོངས་ཐུན་མོང་མིན་པ་ལྟར་སྣང་བ་སྟེ། གནམ་མཚོ་དེ་ཉིད་ས་གཞི་ཆེ་མོར་བརྒྱན་པའི་མིག་བཞིན་དྭངས་ཤིང་གསལ་བ་དང་། ནམ་མཁའ་ཤིན་ཏུ་ཡངས་ལ་གུ་ཡངས་པའི་འཇིག་རྟེན་ཞིག་མིག་ལམ་དུ་མངོན།

    བོད་ཀྱི“གནས་རི་བླ་མཚོ”ཚང་མར་མི་སེམས་འགུལ་བའི་ཤོད་རྒྱུན་མང་པོ་ཡོད་པ་སྟེ། དེའང“གནས་རི”མང་དག་ཅིག“བླ་མཚོ”གཅིག་ལ་གཅིག་གཏད་ཀྱི་བཟའ་ཟླ་ཡིན་པའི་ཤོད་རྒྱུན་ཡོད། གངས་ལྗོངས་ས་མཐོའི་གནའ་བོའི་ལྷ་སྒྲུང་ནང་ས་གནས་དེ་གའི་འབྲོག་པ་དང་རྔོན་པའི་དམངས་གཞས་དང་ངག་རྒྱུན་དུ་གཉན་ཆེན་ཐང་ལྷ་དང་གནམ་མཚོ་ནི་ལོ་ཁྲི་7000ལྷག་ཙམ་རིང་གཅིག་ལ་གཅིག་བརྟེན་གྱི་ཁྱོ་ཤུག་ཡིན་པ་དང་། ཕན་ཚུན་དབར་གྱི་དུང་ཞེན་དེས་རང་བྱུང་ཁམས་ཀྱི་མཛེས་པ་ཡོངས་སུ་རྫོགས་པ་མཚོན་གྱི་ཡོད།

    ཞོགས་པའི་ཉི་གཞོན་ཤར་ཕྱོགས་ཀྱི་ས་འཛིན་སྤོ་ནས་ལྷང་ངེར་འཕྲོས་འོང་བ་དང་། མལ་ལས་ལངས་སྐབས་སྐྱིད་སྣང་དོད་པའི་གྲོང་གསེབ་ཀྱི་ཁང་པའི་ཐོག་ཁ་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཏེ་ཉིན་གསར་པ་ཞིག་འཆར་འགོ་ཚུགས། གཡུ་ལྟར་སྔོ་བའི་གནམ་མཚོའི་བཞིན་རས་སྨུག་པའི་ཁྲོད་གསལ་ལ་མི་གསལ་ངང་མངོན་པའི་ངོ་མཚར་གྱི་མཛེས་སྡུག་ལ་སྐྱེ་བོའི་ཡིད་དབང་མི་འཕྲོག་པ་ཅི་ལ་སྲིད།

    ཉེ་བར་གནས་པའི་གནམ་མཚོ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་རི་གཤམ་དུ་གནས་པ་དང་ཁུ་སིམ་པོའི་ངང་དག་པོ་གྲོང་ཚོ་སྲུང་བཞིན་ཡོད། གནམ་སྔོན་འོག“སྦྲ་གུར”སྟེང་གི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། འབྲོག་པ་འབྲུག་གྲགས་དང་ཁྱིམ་མི་ཚོས་ཇ་དང་ཁ་ལག་ཚ་པོ་འཁྱེར་ཏེ་གསར་འགོད་པ་སྡོད་སའི་སྦྲ་གུར་ནང་ཡོང་ནས་བདེ་སྡུག་སྐོར་དྲིས་པ་དང་། འབྲོག་པས་མགྲོན་པོར་སེམས་རྩ་འཁོལ་བའི་ངང་སྤེལ་རེས་བྱེད་པ་ནི་དངོས་གནས་དགའ་འོས་པའི་བྱ་བ་ཞིག་རེད།

    “ཏང་གི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོས་ཁྱེད་ཚོར་ཕན་པ་གང་ཐོབ་བྱུང་ངམ”ཞེས་གསར་འགོད་པས་འབྲུག་གྲགས་ལ་དྲིས།

    “ནམ་མཁའི་སྐར་མ་བཞིན་གྲངས་ལས་འདས་པའི་ཕན་པ་མང་པོ་ཐོབ་བྱུང་། གུང་ཁྲན་ཏང་མེད་ན་དེ་དག་ཚང་མ་ཡོང་མི་སྲིད་པས་གུང་ཁྲན་ཏང་ནི་ང་ཚོ་འབྲོག་པའི་སྙིང་ཉེ་ཤོས་རེད”ཅེས་འབྲུག་གྲགས་ཀྱི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བཤད། 2000ལོར་འབྲུག་གྲགས་ཀྱིས་མ་དངུལ་སྒོར་ཁྲི་2གྲབས་གསོག་བྱས་ཏེ་སྦྲ་གུར་5བརྒྱབ་ནས་ཚོང་ཁང་དང་འགྲུལ་ཁང་ཆུང་ཆུང་བཙུགས་པ་དང་། 2010ལོར་འབྲུག་གྲགས་ཀྱིས་སྒོར་ཁྲི་7གཡར་ཏེ་གཤིག་བདེའི་ཁང་པ་6གིས་གཙོས་པའི་ཁྱིམ་ཚང་འགྲུལ་ཁང་བརྒྱབ་པ་དང་། 2017ལོར་ཁྱིམ་ཚང་འགྲུལ་ཁང་གི་ཉལ་ཁྲི་11བར་མང་དུ་བཏང་བའི་ཁར། ཚོང་ཁང་བཙུགས་པ་དང་སྐྱེལ་འདྲེན་སོགས་ཀྱི་ལས་སྒོ་གཉེར་ནས་ཁྱིམ་མི་བདུན་པོའི་ལོ་རེའི་ཡོང་འབབ་སྒོར་ཁྲི་30ཟིན་ཡོད་པ་རེད།

    གནམ་མཚོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཙེ་ཧུའེ་ཡིས། “2017ལོར་ཤང་དེ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་8747.59ཟིན་པའི་ཁྲོད་ཐོན་ལས་དང་པོར་ཡོང་འབབ་སྒོར་ཁྲི་7085.4དང་། ཐོན་ལས་གཉིས་པར་ཡོང་འབབ་སྒོར་ཁྲི་66.17 ཐོན་ལས་གསུམ་པར་ཡོང་འབབ་སྒོར་ཁྲི་1596.02བཅས་ཟིན་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.67བྱུང་ཡོད”ཅེས་བཤད།

    575179_yis_1544415373366_s.jpg

    བཟའ་བཏུང་དང་། རོལ་རྩེད། འཚོ་བ་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་འབྲོག་པའི་སྤྲོ་སྐྱིད་ཁང་སྟེ། སྒྲོལ་མའི་ཁྱིམ་ཡིན་པ།

    སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བར་གྱི་འཕེལ་རྒྱས།

    “ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཚུགས་པ་ནས་བཟུང་། བོད་ཀྱི་བྱང་ཐང་ས་མཐོར་གནས་པའི་འདམ་གཞུང་རྫོང་གནམ་མཚོ་ཤང་གི་འགོ་ཁྲིད་ཚན་ཁག་གསར་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དོན་དངོས་ལ་གཞི་ཚུགས་པ་དང་། གོ་སྐབས་དམ་འཛིན། དམངས་འཚོར་དམིགས་པ་བཅས་སྲོལ་རྒྱུན་འབྲོག་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། ཁོང་ཚོས་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ལེགས་ཆ་གང་ལེགས་སྤྱད་པ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་མ་གཏོང་རྒྱུ་གོ་སྐབས་སུ་བྱས་པའི་ཁར་མང་ཚོགས“དབྱར་རྩྭ་དགུན་འབུ་འཐུ་བར་བསྐྱོད་པའི”འབྲོག་ལས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཞུགས་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་པ་མ་ཟད། འདམ་གཞུང་རྫོང་དང་མཉམ་དུ་རྟ་རྒྱུག་དུས་ཆེན་གྱི་གནམ་མཚོའི་ཡན་ལག་ཚོགས་རའི“སྤྱི་ལེ་19ཡི་གནམ་མཚོ་སྐོར་བའི་འགྲན་བསྡུར”གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། གློག་བརྙན《མཁའ་དབྱིངས་ཀྱི་གནམ་མཚོ་ཕྱུག་མོ》ཞེས་པ་པར་ལེན་བྱ་རྒྱུར་གཞོགས་འདེགས་བྱས་ནས་གནམ་མཚོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རིག་གནས་ཀྱི་སྤུས་རྟགས་བཏོད་པ་དང་ཀུན་གྱི་ཤེས་ཚད་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་རྟ་ནའི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཚོང་གཉེར་ཡོང་འབབ་ཚད་ལྡན་ཡོང་བར་མཛུབ་ཁྲིད་བྱས་པའི་རྨང་གཞིའི་ཐོག་ཡུལ་སྐོར་གྱི་ཕུགས་ཀྱི་དགོས་མཁོ་སྔོག་འདོན་བྱས་ཏེ་རང་རང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་འབྲོག་ལས་རིག་གནས་མྱོང་ཚོར་ཡོང་བ་བྱ་རྒྱུ་ལྟེ་བར་བཟུང་ནས་ནུས་ཤུགས་ཡོད་རྒུས“སྒྲོལ་མའི་ཁྱིམ”བསྐྲུན་པ་དེས་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལམ་རྒྱུད་དེ་བཟའ་བཏུང་དང་། རོལ་རྩེད། འཚོ་བར་མྱོང་རོལ་བཅས་གཞི་གཅིག་ཏུ་འདུས་པའི་འབྲོག་པའི་སྤྲོ་སྐྱིད་ཁང་ཞིག་ཏུ་བསྐྲུན་རྒྱུ་དང་། “ཚ་ཕོག་རྒྱག་པའི་ཡུལ་སྐོར་བ”དེ“ཞག་སྡོད་བྱེད་པའི་ཡུལ་སྐོར་བར”གྱུར་པ་བྱ་རྒྱུ་རེད། “སྐབས་དེ་དུས་མ་དངུལ་སྒོར་དུང་ཕྱུར་29ལྷག་བཏང་བའི་གནམ་མཚོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དུས་གཅིག་ཏུ་ལས་འགོ་ཚུགས་ནས་ངལ་ནུས་ཕྱིར་གཏོང་གི་ལས་སྟེགས་དང་ལས་ཞུགས་ལས་གནས་འབོར་ཆེན་ཐོན་ཏེ་འབྲོག་པ་སྔར་ལས་མང་བར‘ཡུལ་སྐོར་གྱི་ཡོང་འབབ’གསོག་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད”ཅེས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཙེ་ཧུའེ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    ཁོང་ཚོ་སྤོབས་པ་བྱེད་རིན་ཡོད་པ་ཞིག་ནི། ཤང་དེ་ཡོངས་སུ་མཚེའུ་གཅིག་དང་། མཚོ་འགྲམ་གྱི་ཐང་16 བཞུར་ཆུ་2 ཆུ་ལག་6 འདམ་ར་8 སྤུས་ལེགས་ཀྱི“ན་ཚོའི་རྩྭ་ར”30དང་། “ན་ཁའི་རྩྭ་ར”10 ཉམས་ཞན་གྱི་ཐང་རྒོད་རྩྭ་ར་8བཅས་ཡོད་པ་ཚང་མ་ཤང་དང་། གྲོང་ཚོ། ཚོགས་ཆུང་། དུད་ཚང་བཅས་ཀྱི“རིམ་བཞིའི་སྲུང་སྐྱོང”ཁོངས་སུ་བཅུག་པ་དེ་རེད།

    575178_yis_1544415371978_s.jpg

    འདི་ནི་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།