[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “ཤིང་གཅོད་ས”ནགས་ཚལ་མཛེས་ལྗོངས་ཁུལ་དུ་གྱུར་པ་དང་ཞིང་ཁྱིམ་ཆུང་ངུ་ཁྱིམ་ཚང་མགྲོན་ཁང་དུ་གྱུར་པ།

    སྨན་གླིང་རྫོང་གི་ཡུལ་སྐོར་ཐོན་ལས་ཀྱིས་མང་ཚོགས་རྣམས་འཚོ་བ་བདེ་ལ་འཁོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-02

    བོད་ལྗོངས་སྨན་གླིང་རྫོང་གི་གནས་ཡུལ་ཕུག་ལ་ཆགས་པའི་ལྷོ་པ་མི་རིགས་ཤང་གི་ཆུང་གླིང་གྲོང་ཚོའི་ལོ་57ལ་སླེབས་པའི་ལྷོ་པ་རིགས་ཀྱི་གྲོང་མི་ཟླ་འགྱུར་གྱིས་སྨྱུག་མར་ཚོས་གཏོང་བཞིན་ཡོད། “དེ་སྔ་གྲོང་ཚོ་ནས་ཕར་འགྲོ་ཚུར་འོང་བྱེད་སྐབས་ཚང་མ་རྟ་བཞོན་ནས་ལ་བརྒྱབ་སྟེ་འགྲོ་དགོས་པས། ང་ཚོ་ཕྱིར་དོན་ཐབས་བྲལ་ལ་མི་གཞན་ཡང་དེར་ཡོང་ཁག་པོ་ཡོད། ད་ཆ་ལམ་ཤར་གཏོང་ཐུབ་ནས་ཡུལ་སྐོར་བ་ཇེ་མང་དུ་སོང་བས་སྨྱུག་བསླས་ཐོན་ཟོག་དེ་དག་ཀྱང་མི་བྲིན་པའི་སེམས་ཁྲལ་མི་འདུག ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་སྣང་དག་མེད་པར་ཡོང་གི་འདུག”ཅེས་ཟླ་འགྱུར་གྱིས་བཤད།

    ཉེ་བའི་ལོ་ཤས་རིང་། སྨན་གླིང་རྫོང་གིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་བཏང་བ་དང་ཡུལ་སྐོར་སྤུས་ཚད་མཐོ་རུ་བཏང་སྟེ་ཡུལ་སྐོར་ཐོན་ལས་དེ་དཔལ་འབྱོར་འཕར་བ་དང་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། རྫོང་དེ་ཡོངས་ཀྱི་ཤང་གྲོང་རྡལ་8ཀྱི་གྲོང་ཚོ་50ལྷག་དང་ཞིང་འབྲོག་མང་ཚོགས་3545ཡུལ་སྐོར་ཞབས་ཞུའི་ནང་ཐད་ཀར་ཞུགས་ཡོད། འདི་ལོ་ཟླ་དང་པོ་ནས་དགུ་པའི་བར། སྨན་གླིང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་103.5ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9ལས་བརྒལ་ཡོད་པ་རེད།

    “གལ་ཏེ་ཟླ་བ་གཅིག་གོང་ཁྱེད་རང་ང་ཚོའི་གྲོང་ཚོར་ཕེབས་ཡོད་ཚེ། གྲོང་ཚོའི་ནང་གི་མི་ཕལ་ཆེ་བ་ཚོང་རྒྱག་པར་ཕྱིན་ནས་སྟོང་ལྷང་ལྷང་རེད”རང་ཉིད་གནས་ཡུལ་མཛེས་ལྗོངས་ཁུལ་དུ་ཁ་ལོ་བ་ཞིག་བྱེད་པ་དང་བཟའ་ཟླ་གནས་བཤད་རྒྱག་མཁན་ཞིག་ཡིན། ང་ཚོ་ཚང་མ་ཡུལ་སྐོར་གྱི་ལས་ལ་གཞོལ་གྱི་ཡོད་པས་ཁྱིམ་དུད་གཅིག་ལ་ལོ་གཅིག་གི་ཡུལ་སྐོར་ཡོང་འབབ་ཁོ་ན་སྒོར་ཁྲི་4གཡས་གཡོན་ཟིན་གྱི་ཡོད་ཅེས་གནས་ཡུལ་ཤང་གནས་ཡུལ་གྲོང་ཚོའི་གྲོང་མི་ཉི་མ་བཀྲ་ཤིས་ཀྱིས་རྒྱ་སྐད་ཆུ་རྒྱུག་རྒྱུག་ཅིག་བརྒྱབ་ནས་གསར་འགོད་པར་དེ་ལྟར་བཤད།

    གནས་ཡུལ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་དུ་ཡོང་མཁན་ཚོས་དེ་སྔ་དེར་ཤིང་ཚད་མེད་བཅད་མྱོང་བ་བསམ་པའི་ཡུལ་ལའང་འཁོར་མི་སྲིད། ཟླ་འགྱུར་གྱིས་ལོ་30གོང་ཁྱིམ་གྱི་ཕར་རྒྱབ་རི་སྟེང་གི་ཤིང་ཧ་ལམ་བཅད་ཟིན་པས་རི་གཤམ་ནས་རི་སྟེང་དུ་སྐྱ་ཐེར་ཐེར་དང་གནས་ཡུལ་གཙང་པོ་ཉག་ཉོག་ཡིན་ལ་གྲོང་ཚོའི་གང་སར་ཤིང་དབོར་མཁན་གྱི་ཟོག་འདྲེན་རླངས་འཁོར་གྱིས་ཁེངས་ཡོད།

    དུས་ཡུན་རིང་པོའི་ནང་ཉིང་ཁྲི་ནི་བོད་ཀྱི་ཤིང་རྒྱུ་ཐོན་ཁུལ་གཙོ་བོ་ཡིན། དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ་བོད་ཀྱིས་ནགས་ཁུལ་ཚང་མར་ཤིང་གཅོད་མི་ཆོག་པ་ལག་བསྟར་བྱས་ཡོད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་སྒོར་དུང་ཕྱུར་ཡན་བཏང་ནས་ཡར་ཀླུང་གཙང་པོའི་རོང་ཆེན་དང་རྫ་ཡུལ་ཁྲི་པ་གྲོག་རོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་

    དེ་བཞིན་བོད་རང་སྐྱོང་ལྗོངས་རིམ་པའི་ཀོང་པོའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་རེད། 2017ལོར་བོད་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་17.3བཀོད་སྒྲིག་བྱས་ཏེ་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ལམ་སྲོལ་ལག་བསྟར་དང་སྣོད་བཅུད་དབུལ་སྒྲོལ་ལས་གནས་ཁ་གསབ་ཐད་སྤྱད་ཡོད་པ་རེད།

    ཟླ་འགྱུར་ཁྱིམ་ཚང་ཡང་2008ལོ་ནས་བཟུང་ལོ་ལྟར་སྣོད་བཅུད་ཁ་གསབ་དངུལ་ལེན་རྒྱུ་ཡོད་པ་དང་ཤིང་གཅོད་མཁན་ནས་ནགས་ཚལ་སྲུང་སྐྱོང་བར་གྱུར་ཡོད། “ལོ་ལྟར་དུས་ཐོག་ཏུ་སྤྲོད་པ་ལས་དུས་འགྱངས་གཏན་ནས་བྱེད་མྱོང་མེད། དངུལ་རག་རྗེས་ཚང་མས་རང་འགུལ་ངང་ནགས་ཚལ་ལ་སྲུང་སྐྱོང་བྱས་ནས་ཤིང་གང་བྱུང་དུ་གཅོད་མཁན་མེད་པ་རེད”

    “འདི་ལོའི་རྒྱལ་སྟོན་དུས་ཆེན་ལ་སྨན་གླིང་རྫོང་གི་དབུལ་ཞྭ་ཕུད་ཐུབ་ཡོད”2017ལོའི་ལོ་མཇུག་ཏུ་འགུལ་རྣམ་ལ་ལེགས་སྒྲིག་བྱས་རྗེས་རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་747གྱི་མི་2351ནང་ནས་དུད་ཚང་704ཡི་མི་2234དབུལ་པོ་ལས་བསྒྲལ་བ་དང་རྫོང་ཡོངས་སུ་དབུལ་པོ་ཐོན་ཚད་0.65%ཉུང་དུ་ཕྱིན་ཡོད་པ་རེད་ཅེས་སྨན་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་མུའུ་ཀྲེས་ངོ་སྤྲོད་བྱས།

    ས་གནས་དེ་གར་མིང་གྲགས་ཅུང་ཆེ་བའི“བདེ་མོའི་ཞིང་ཁྱིམ”དུ་སྐྱོད་སྐབས། ཟ་ཁང་དེ་བཙུགས་མཁན་སྦྱིན་བདག་བདེ་སྐྱིད་དབང་མོས་སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་འགའ་ཞིག་ལ་དགུང་ཟས་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཞིང་ཁྱིམ་དེར་ཉལ་ཁང་73ཡོད་པ་དང་འདི་ལོའི་ཟླ་གསུམ་པ་ནས་བཟུང་ལས་གཉེར་བྱེད་འགོ་ཚུགས་པ་དང་རྒྱུན་དུ་ཁང་པ་རག་ཧ་ཅང་ཁག་པོ་ཡོད་པ་རེད།

    ལས་གཏོད་ཐོག་མར་བདེ་སྐྱིད་དབང་མོར་མ་དངུལ་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཁྲིད་སྟོན་འོག་རྫོང་ལ་ཁྱིམ་ཚང་མགྲོན་ཁང་གི་མ་དངུལ་རོགས་སྐྱོར་རྣམ་གྲངས་རེ་ཞུ་བྱས་པས་དངུལ་ཁང་ནས་བདེ་བླག་ངང་སྒོར་ཁྲི་960ཡི་དངུལ་བུན་གཡར་ཐུབ་ནས་ཁ་ཚ་དགོས་གཏུགས་ཐག་གཅོད་ཐུབ་ཡོད། “རྫོང་གིས་ང་ལ་མ་དངུལ་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པ་མ་ཟད། གྲོང་མིར་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་བྱས་ཡོད། ད་ཆ་ང་ཚོའི་ཞབས་ཞུ་བ་ཚང་མ་ཆེད་ལས་ཤ་སྟག་ཡིན”ཞེས་བདེ་སྐྱིད་དབང་མོས་དགའ་ཚོར་ཆེན་པོས་བཤད།

    ཞིང་འབྲོག་མང་ཚོགས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་མ་དངུལ་བརྩོན་ལེན་བྱས་ཏེ་ཞིང་འབྲོག་པར་ཁྱིམ་ཚང་མགྲོན་ཁང་གཉེར་རོགས་བྱ་ཆེད། སྨན་གླིང་རྫོང་གིས་ཁེ་ལས་ཀྱི་ལས་སྟེགས་ལ་བརྟེན་ནས་དངུལ་ཁང་ལ་སྐྱེད་ཀ་དམའ་བའི“ཁྱིམ་ཚང་མགྲོན་ཁང་གི་དངུལ་བུན”རེ་ཞུ་བྱས་པས། རིམ་རྩིས་བྱས་ན་སྒོར་ཁྲི་2900ལྷག་ཟིན་པ་དང་གྲོང་ཚོ་3གྱི་དུད་ཚང་37གྱི་མང་ཚོགས་ལ་ཕན་པ་ཐོབ་ཡོད་པ་རེད།

    ན་ནིང་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་ལ་སྐྱོད་པའི”ཡུལ་སྐོར་རྣམ་གྲངས་བཏོན་ཞིང་། འདི་ལོའི་ཟླ་11ཚེས་1ཉིན་ནས་བཟུང་། བོད་ཀྱིས་བོད་དུ་ཡུལ་སྐོར་བྱེད་པར་ཡོང་མཁན་ཚོར་མཛེས་ལྗོངས་ཁུལ་དང་། གསོལ་མགྲོན་ཁང་། ཡུལ་སྐོར་འཁོར་རིགས། མཁའ་འགྲུལ་སོགས་ཐད་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས་ཡུལ་སྐོར་གནམ་གྲུ་བོགས་བླངས་དང་ཆེད་སྤྱོད་མེ་འཁོར་གྱི་རྣམ་པའི་ཐོག་ནས་བོད་དུ་ཡུལ་སྐོར་བྱེད་པར་ཡོང་མཁན་སྒྲིག་འཛུགས་བྱེད་མཁན་ཁེ་ལས་དང་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་ལ་བྱ་དགའ་སྤྲད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།