[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཡུལ་སྐོར་བ་ཡི་ཡིད་དབང་འཕྲོག གྲོང་མི་ཕྱུག་པོའི་ལམ་དུ་སྐྱོད།

    བོད་ཀྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-15

    གླེང་གཞི།

    གྲོང་གསེབ་ཡུལ་སྐོར་ཞེས་པ་ནི་མཛེས་ལྗོངས་ཁོ་ནར་ལྟ་བ་ཙམ་མིན་པར་ད་དུང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་དམངས་སྲོལ་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། རང་བྱུང་དང་མི་ཆོས་རིག་གནས་ལ་གཞི་བཅོལ་ནས་ཡུལ་སྐོར་བའི་སེམས་པ་བཀུག་ཅིང་། མཛེས་ལྗོངས་དང་། རང་བྱུང་ཁོར་ཡུག སྡོད་ཁང་། རིག་གནས་སོགས་ཐོན་ཁུངས་ལ་བརྟེན་ནས་སྲོལ་རྒྱུན་གྱི་གྲོང་གསེབ་སོས་དལ་ཡུལ་སྐོར་དང་ཞིང་ལས་ཉམས་ལེན་ཡུལ་སྐོར་གྱི་རྨང་གཞིའི་ཐོག གུང་གསེང་སྤྲོ་གསེང་དང་སྤྲོ་གསེང་རོལ་རྩེད་སོགས་གསར་དར་ཡུལ་སྐོར་རྒྱ་བསྐྱེད་དང་གསར་སྤེལ་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་བྱུང་ནས་ཞིང་འབྲོག་པར་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    གྲོང་གསེབ་ཡུལ་སྐོར་ནི་མཐོང་ལམ་དུ་སྣང་བའི་མཛེས་ལྗོངས་ལ་ལྟ་བ་ཙམ་མིན་པར་མི་སེམས་འགུལ་བའི་ཡུལ་སྲོལ་གོམས་གཤིས་ཀྱང་ཡོད། ཟང་ཟིང་ཆེ་བའི་གྲོང་ཁྱེར་ཆེན་པོར་འཚོ་བ་སྐྱེལ་མཁན་ཚང་མས་ཅ་ཅོ་ཆེ་བའི་གནས་ལས་བྲལ་ཏེ་རང་བྱུང་ཁམས་སུ་དྭངས་ཤིང་གསལ་བའི་གནམ་སྔོ་སྤྲིན་དཀར་དང་། དྲི་ཞིམ་ལྷང་ལྷང་དུ་འཐུལ་བའི་རྩྭ་རྩི་ཤིང་། ཤང་ཤང་དུ་རྒྱུག་པའི་ཆུ་བོ། དྲོ་འཇམ་དལ་བུར་ལྡང་བའི་བསིལ་རླུང་སོགས་ལ་རོལ་འདོད་ཀྱི་འདུན་པ་ཧ་ཅང་ཆེ།

    གནམ་སྔོ། ས་གཙང་། ཆུ་དྭངས།

    སྟོན་གྱི་དུས་འདིར། ལྷ་ས་གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་པའི་སྟག་གདོང་གྲོང་ཚོར་དྭངས་གསལ་ཆུ་མོ་རི་བོའི་གསེབ་ནས་ཤང་ཤང་དུ་རྒྱུག་པ་དང་། རབ་ཏུ་རྒྱས་པའི་རྩྭ་རྩི་ཤིང་གི་ཁྲོད་དུ་གནའ་ཉམས་དོད་པའི་ཁང་པ་སྟར་སྒྲིག་ཚར་དུ་དངར་ཞིང་། སྐར་ཚོགས་བཞིན་ཕུབ་པའི་བོད་བཟོའི་གུར་ནས་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་དུ་གྲགས་འོང་།

    ལྷ་ས་གྲོང་ཁྱེར་གྱི་སྟག་གདོང་གྲོང་ཚོའི་མཛེས་སྡུག་ལ་འགྲན་ཕོད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་ད་དུང་མང་པོ་ཡོད་ཅིང་། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་གྲོང་ཚོ་དང་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྦ་ཁ་གྲོང་ཚོ་ལ་སོགས་དེ་སྔ་ཞིང་ལས་པུའི“2016ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”ཀྱི་འོས་འདེམས་མིང་ཐོའི་ནང་གྲུབ་འབྲས་ཐོན་པའི་ངང་བདམས་པ་རེད།

    ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། འདི་ལོའི་ཟླ་6པའི་བར། ལྗོངས་ཡོངས་སུ་གཞི་ཁྱོན་ངེས་ཅན་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཡུལ་ལྗོངས་ས་ཚིགས་80ཆགས་ཡོད།

    བདེ་སྡོད། ལས་བརྩོན། འབབ་འཕར།

    གྲོང་གསེབ་ཡུལ་སྐོར་གྱིས་མི་དམངས་མང་ཚོགས་ཀྱི་ལས་ཞོར་འཚོ་བར་གདམ་ག་དེ་བས་མང་བ་སྦྱིན་པ་མ་ཟད། ད་དུང་ས་གནས་དེ་གའི་ཞིང་འབྲོག་པར“བདེ་སྡོད། ལས་བརྩོན། འབབ་འཕར”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། སྨན་གླིང་རྫོང་གིས་མ་དངུལ་ཁྱོན་སྒོར་དུང་ཕྱུར་3.6ལྷག་ཙམ་བསྡུ་སྒྲིལ་བྱས་ཏེ་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་དང་། དེ་བཞིན་ཉེ་འགྲམ་གྱི་གྲོང་ཚོའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་ཟུར་གསུམ་གྲོང་ཚོ་དེ་སྨིན་གླིང་རྫོང་གི་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོ་དང་པོར་བཏོད་ཡོད། 2017ལོར་ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་40ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་1.1ལྷག་ཙམ་བྱུང་བ་དང་། ཟུར་གསུམ་གྲོང་ཚོའི་ཁྱིམ་ཚང་འགྲུལ་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་4ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་730ཙམ་བྱུང་ནས་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་19.73ཙམ་ཟིན་ཡོད།

    གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་གོ་སྐབས་སུ་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྱང་གྲོང་རྡལ་གཙོ་བོ་དང་མཛེས་ལྗོངས་ཁུལ་གཙོ་བོར་དམིགས་ནས་གྲོ་མོའི་ཤ་རི་དང་། དིང་རིའི་པ་གསུམ། རིན་སྤུངས་ཀྱི་དཀར་པོ་ལྕོག་ཀ སྐྱིད་གྲོང་གི་འགྱེས་ཕུག རྒྱལ་རྩེའི་རྩེ་ཆེན་ཤར། འབྲོང་པའི་བར་ཡངས། ངམ་རིང་གི་བསམ་གྲུབ། བསམ་གྲུབ་རྩེའི་ནོར་བུ་གླིང་། ས་སྐྱའི་དགེ་སྡིངས། ལྷ་རྩེའི་བྱང་གོང་བཅས་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་ས་ཚིགས་གཙོ་བོ་10ཧུར་ཐག་བསྐྲུན་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་6པ་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་110ཙམ་ལ་སྣེ་ལེན་ཞུས་པར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3ལྷག་ཙམ་བྱུང་ཞིང་། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་སྟག་གདོང་གྲོང་ཚོ་དང་། སྨིན་གླིང་རྫོང་གི་ཟུར་གསུམ་གྲོང་ཚོ། བྲག་ཡིབ་ཆུས་ཀྱི་བཀྲ་ཤིས་སྒང་གྲོང་ཚོ། རྩྭ་མདའ་རྫོང་གི་རྫ་རོང་གྲོང་ཚོ་བཅས་ཀྱི་མི་རེའི་ཆ་སྙོམས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།