[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཉི་གཞོན་ཐོན་ལས་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་མངོན་པ།

    ​ ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-17

    ཡུལ་སྐོར་ལས་རིགས་ནི་ཕྱོགས་བསྡུས་རང་བཞིན་ཆེ་བ་དང་སྣེ་ཁྲིད་ནུས་པ་ཆེ་བའི་ཉི་གཞོན་ཐོན་ལས་ཤིག་ཡིན་པ་དེར་ཐད་ཀའི་འཛད་སྤྱོད་ཀྱི་སྒུལ་ཤུགས་དང་། ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྒུལ་ཤུགས་བཅས་ལྡན་པས། ས་ཁུལ་ཞིག་ལ་རིན་ཐང་འཕར་བའི་ཕན་འབྲས་དང་། སྤུས་རྟགས་ཀྱི་ཕན་འབྲས། སྣོད་བཅུད་ཀྱི་ཕན་འབྲས། བདེ་སྐྱིད་རིན་ཐང་གི་ཕན་འབྲས་བཅས་ལྡན་ཡོད།

    Aརིམ་པའི་མཛེས་ལྗོངས་ཁུལ་24བར་མང་དུ་ཕྱིན་པ།

    གསོལ་མགྲོན་ཁང་གི་ལས་རིགས་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཡུལ་སྐོར་དཔལ་འབྱོར་གྱི་སྣེ་ལེན་སྟོན་གྲངས་ལོ་རེ་བཞིན་20%ཡན་འཕར་བའི་རྣམ་པ་མངོན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱིས་ལོར་སྣེ་ལེན་ཞུས་པའི་མི་གྲངས་2003ལོའི་མི་ཐེངས་ཁྲི་39.05ནས་2017ལོའི་མི་ཐེངས་ཁྲི་1606.6བར་མང་དུ་ཕྱིན་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་2003ལོའི་སྒོར་དུང་ཕྱུར་4.57ནས་2017ལོའི་སྒོར་དུང་ཕྱུར་227.41བར་འཕར་ཞིང་། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སུ་ལས་ཞུགས་མི་གྲངས་ཁྲི་11.89ཙམ་ཟིན་པ་ལས་ས་གནས་དེ་གའི་མང་ཚོགས་ཁྲི་6.42ཟིན་ཏེ་ཡུལ་སྐོར་ལས་རིགས་དེ་གྲོང་ཁྱེར་ཡོངས་ཀྱི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ལ་གྱུར་ཡོད་པ་རེད།

    ད་ཆ་ལྷ་སར་ཡུལ་སྐོར་ལ་ཡོང་མཁན་དེ་བས་ཇེ་མང་དུ་ཕྱིན་པ་ནི་སྤྱིར་ཡུལ་སྐོར་ལས་རིགས་ཀྱི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་ལས་བྱུང་བ་ཞིག་རེད། མཛེས་ལྗོངས་ཁུལ་ལ་མཚོན་ན། ལྷ་ས་གྲོང་ཁྱེར་གྱི་Aརིམ་པའི་མཛེས་ལྗོངས་ཁུལ་2003ལོའི་2ནས་2017ལོའི་24བར་མང་དུ་ཕྱིན་པ་དང་། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ཡུལ་སྐོར་བར་ཡུལ་སྐོར་བྱ་ཡུལ་ཡོད་པ་མ་ཟད་ཡུལ་སྐོར་ཡག་པོ་ཞིག་ཀྱང་བྱ་རྒྱུ་བྱུང་ཡོད་པ་རེད། ཡུལ་སྐོར་གྱི་ལེ་ལག་ཚང་བའི་ཞབས་ཞུའི་འཛུགས་སྐྲུན་ལ་མཚོན་ན། 2005ལོར་ལྷ་ས་གྲོང་ཁྱེར་དུ་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)71ལས་མེད་པ་དང་། 2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)141ཟིན་ཡོད་པ་རེད། སྒྲིག་བཀོད་ཆ་ཚང་བ་དང་ཞབས་ཞུ་ལེགས་པའི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་མགྲོན་ཁང་མང་དུ་ཕྱིན་པ་དེས་ཡུལ་སྐོར་བའི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཀྱི་རེ་བ་སྔར་བས་བསྐངས་ཡོད་པ་རེད།

    ཡུལ་སྐོར་ཐོན་རྫས་ལ་རིག་གནས་ཀྱི་ཚད་གཞི་དེ་བས་མངོན་པ།

    ཚོགས་ཞུགས་ཡུལ་སྐོར་ནས་རང་འདེམས་ཡུལ་སྐོར་ལ་གྱུར་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་རྣམ་གྲངས“ཆུང་གྲས་དང་། ཁ་ཐོར། ཉམས་ཞན”བཅས་ནས“ཆེ་གྲས་དང་། ཡུག་སྦྲེལ། སྤུས་རྟགས”བཅས་བར་རིམ་བཞིན་འགྱུར་ལྡོག་ཕྱིན་ནས་ཡུལ་སྐོར་ཐོན་རྫས་ལ་རིག་གནས་ཀྱི་ཚད་གཞི་དེ་བས་མངོན་པ་དང་ཡུལ་སྐོར་རྣམ་པ་དེ་ཚོགས་འགྲོགས་ཡུལ་སྐོར་ནས་རང་འདེམས་ཡུལ་སྐོར་ལ་གྱུར་ཡོད། མིག་སྔར། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་ཡུལ་སྐོར་གྱིས་ཉོ་སྒྲུབ་ལ་སྣེ་ཁྲིད་བྱེད་པ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱེད་པའི་ཁ་ཕྱོགས་གཙོ་བོར་གྱུར་ནས་ཡུལ་སྐོར་བས་རང་བྱུང་ཁམས་ཆེ་མོའི་མཛེས་ལྗོངས་ལ་མྱོང་རོལ་དང་གནའ་ཤུལ་གྲགས་ཅན་ལ་ལྟ་སྐོར་དང་ཆབས་ཅིག དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དུས་ཆེན་རྟེན་འབྲེལ་དང་དམངས་སྲོལ་བྱེད་སྒོ་ལས་ཡུལ་སྐོར་བས་ས་གནས་དེ་གའི་དམངས་སྲོལ་གོམས་འདྲིས་དང་རིག་གནས་ཀྱི་ནང་དོན་ལས་སླ་པོར་ཉམས་ལེན་ཐུབ་པ་དང་། ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཡུལ་སྐོར་དྲན་རྟེན་ཐོན་རྫས་ཇེ་མང་ཞིག་ཞིབ་སྤེལ་བྱས་ནས་ཁྲོམ་རར་བཏོན་པས། ཡུལ་སྐོར་བས་ཡུལ་སྐོར་ལས་བྱུང་བའི་སྤྲོ་སྣང་ལོངས་སྤྱོད་ཐུབ་པ་དང“བོད་ཀྱི་གཞི་རྒྱུ”རང་ཁྱིམ་དུ་འཁྱེར་ཐུབ་པ་བྱུང་ཡོད།

    ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་རྫས་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཆབས་ཅིག གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་དགུན་དུས་ཡུལ་སྐོར་སྒོ་དབྱེ་དང་། ཐད་འཕུར་གནམ་གྲུའི་ཡུལ་སྐོར་རྣམ་གྲངས། ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་རྣམ་གྲངས། 《འུན་ཤིང་ཀོང་ཇོའི》དངོས་ལྗོངས་ཟློས་གར་ཆེ་གྲས་སོགས་ལ་རྒྱ་ཆེའི་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད་པ་རེད།

    བོད་ལྗོངས་ཏཱ་ཀྲའོ་ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བ་ཝང་ལེ་ཡིས་ངོ་སྤྲོད་བྱས་པར། རང་འདེམས་ཡུལ་སྐོར་གྱི་སྒེར་པའི་གྲངས་འབོར་གྱིས་ཡུལ་སྐོར་བའི་བསྡོམས་འབོར་གྱི་60%ཙམ་ཟིན་གྱི་ཡོད། ཡུལ་སྐོར་བས་རང་འདེམས་ཡུལ་སྐོར་ལ་དེ་བས་བློ་ཁ་ཕྱོགས་པའི་སེམས་ཁམས་ལ་གཞིགས་ནས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་མི་ཉུང་བ་ཞིག་གིས་རང་འདེམས་ཡུལ་སྐོར་གྱི་བློ་འདྲི་དང་སྣེ་ལེན་ཞབས་ཞུ་བཏོན་ནས་སྲོལ་རྒྱུན་གྱི་ཚོགས་འགྲོགས་ཡུལ་སྐོར་དེ་སྤུས་རྟགས་ཡུལ་སྐོར་ལ་རིམ་སྤོར་བྱས་ནས་ཡུལ་སྐོར་བས་རང་འདེམས་ཡུལ་སྐོར་གྱི་བརྒྱུད་རིམ་ཁྲོད་ཀྱི་བཟའ་བ་དང་། སྡོད་པ། འགྲོ་སྐྱོད། ཡུལ་སྐོར། རོལ་རྩེད། ཉོ་སྒྲུབ་བཅས་ཀྱི་དགོས་མཁོ་ཚང་མ་བསྐངས་ཐུབ་པ་བྱུང་ཡོད།

    ཡུལ་སྐོར་འོས་སྦྱོར་བྱེད་སྒོར་སྣང་ཆེན་བྱས་པ།

    རྒྱལ་ནང་ནས་ཕྱི་ཕྱོགས་སུ་འཕེལ་རྒྱས་བཏང་བ།

    ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ལྷ་ས་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱིས་དེ་སྔའི་ས་གནས་དེ་གའི་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་བྱེད་པ་ལས་བརྒལ་བ་དང་ཆབས་ཅིག་རྒྱལ་ནང་ཡུལ་སྐོར་དང་། རྒྱལ་སྤྱིའི་ཡུལ་སྐོར། ས་མཚམས་སྒྲོལ་བའི་ཡུལ་སྐོར་འཕེལ་རྒྱས་འོས་འཚམ་གཏོང་བ་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་སྤྱིའི་བྱེད་ཕྱོགས་ལ་དམིགས་ནས་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་རྒྱུ་བྲིན་སྐུལ་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། དེ་དང་ཆབས་ཅིག་པེ་ཅིང་དང་ཅང་སུའུ་ཡི་བོད་སྐྱོར་ཐབས་ལམ་སྤྱད་དེ་ས་གནས་གཉིས་ཀྱི་ཡུལ་སྐོར་ཅུས་ཀྱིས་མངའ་ཁོངས་ཕྱིར་བསྐྱོད་དེ་འོས་སྦྱོར་གྱི་གོ་སྐབས་དམ་འཛིན་བྱས་ནས་མངའ་ཁོངས་ཕྱིའི་འོས་སྦྱོར་བྱེད་སྒོ་ཆེ་གྲས་རབ་དང་རིམ་པར་ཞུགས་པ་དཔེར་ན། ཨའོ་མོན་འཛམ་གླིང་ཤུལ་བཞག་དང་སྤྲོ་གསེང་གྲོང་ཁྱེར་གྱི་ཡུལ་སྐོར་དངོས་མང་སྟོན་ཚོགས་དང་མཚོ་འགག་ངོགས་གཉིས་ཀྱི་ཐའེ་པེ་འགྲེམས་ཚོགས་སོགས་རེད།

    དེ་དང་ཆབས་ཅིག“དྲ་སྦྲེལ་དུས་རབས”དང་།“ཡུལ་སྐོར་བ་སྒེར་པའི་དུས་རབས” “རང་གཤིས་ཅན་གྱི་ཡུལ་སྐོར་དུས་རབས”བཅས་ཀྱི་ཡུལ་སྐོར་ཁྲོམ་རའི་ཁྱད་ཆོས་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དྲིལ་བསྒྲགས་ཐབས་ལམ་རྒྱ་ཆེར་བཏང་བ་དང“ཡུལ་སྐོར་+”རྣམ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཐེབས་ནུས་ཆེན་པོ་ལྡན་པའི་བྱེད་སྒོ་དང་འགྲན་དོན་ཆེ་གྲས་སྤེལ་ཏེ་གྲོང་ཁྱེར་གྱི་རྣམ་པ་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་འོས་སྦྱོར་བྱེད་སྒོ་ལས་ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་དང་དམངས་སྲོལ་རིག་གནས་དེ་རིམ་བཞིན་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ཐ་ན་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཤེས་རྟོགས་ཐུབ་ནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་བསྔགས་བརྗོད་ཐོབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་སླད་ཕྱིན་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཚན་གྱིས་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་ཞབས་ཞུ། ཡུལ་སྐོར་བ་ཞུགས་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཁྲོད“ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་དང་ཡ་རབས་ལྡན་པའི་ཡུལ་སྐོར”གྱི་འདུ་ཤེས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ལྷ་ས་འདི་ཉིད་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་དུ་འགྱུར་བ་བྱས་ཏེ་ཡུལ་སྐོར་བར་ཡུལ་སྐོར་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་དང་དུས་མཚུངས། ཡུལ་སྐོར་ཐོན་ཁུངས་སྔར་བས་སྔོག་འདོན་བྱས་ཏེ་མཉམ་ལས་སྤེལ་རེས་ཟབ་ཏུ་བཏང་ཐོག་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།