[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • གླིང་ག་བཏང་ནས་བོད་ཁྱིམ་གྱི་གོམས་སྲོལ་མྱོང་རོལ་བྱེད།

    ——ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་གླིང་གའི་དུས་ཆེན་སྐབས་དང་པོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-05

    སྐྱེ་བོ་སྔར་བས་མང་བ་རང་བྱུང་ཁམས་སུ་བསྐྱོད་ནས་བོད་ཀྱི་དམངས་སྲོལ་རིག་གནས་ཉམས་སུ་མྱངས་ཏེ་སྤྲོ་སྐྱིད་མཉམ་མྱོང་དང་། སྤྲོ་གསེང་ཡུལ་སྐོར་གྱི་རིག་གནས་སྤུས་རྟགས་གཏོད་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་གླིང་གའི་དུས་ཆེན་སྐབས་དང་པོ་དང“གླིང་ག་གཏོང་བར་ཤོག”ཅེས་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་གཉེར་ཞིང་། སྣེ་གདོང་ཆུས་ཀྱི་ལས་བྱེད་ལས་བཟོ་དང་། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པ་བཅུ་ལྷག དེ་བཞིན་ཡུལ་གཞན་གྱི་ཡུལ་སྐོར་བ་དང་། ཡུལ་དེ་གའི་གྲོང་མི་རྡོ་ཕོ་བྲང་ཤང་གི་བདེ་སྐྱིད་གླིང་གླིང་གར་འཛོམས་ནས་གླུ་ལེན་གར་འཁྲབ་དང་། ཞིམ་མངར་ཟས་ལ་རོལ་བ། རོལ་རྩེད་ལ་ཞུགས་པ་བཅས་བྱས་ཏེ་སྐྱིད་པའི་ཉིན་གཅིག་བསྐྱལ་བ་རེད།

    ས་མཐོར་དབྱར་ཁའི་དུས་སུ་བོད་རིགས་སྤུན་ཟླ་རྣམས་གླིང་ག་གཏོང་བའི་སྲོལ་རྒྱུན་གོམས་སྲོལ་ཡོད་པ་དང་། དེ་ནི་དགའ་ཉེ་སྤུན་གྲོགས་ལྷན་འཛོམས་ངང་ཁ་བརྡ་གློད་པ་དང་མཛའ་མཐུན་ཟབ་ཏུ་གཏོང་སྟངས་ཤིག་རེད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནི་ཡར་ལྷ་ཤམ་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་མདོར་གནས་ཁར་ལོ་རྒྱུས་རིང་ལ་ཁོར་ཡུག་མཛེས་པ་མ་ཟད་གླིང་ག་གཏོང་བའི་ཡུལ་སྲོལ་ཡང་ཕུན་སུམ་ཚོགས་པ་ཡོད།

    བྱེད་སྒོའི་ཉིན་དང་པོར་གླིང་གའི་ནང་མི་ཚོགས་ཀྱིས་ཁེངས་པ་མ་ཟད། སྤང་ཐང་དང་། སྦྲ་གུར། ཆུ་འགྲམ་བཅས་གང་སར་སྐྱིད་པའི་དགོད་སྒྲས་ཁེངས་འདུག

    སྣེ་གདོང་ཆུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་ཡིན་པའི་ཡར་ཀླུང་བཀྲ་ཤིས་ཞོལ་པ་དང་རྡོ་ཕོ་བྲང་གི་བྲོ་ནི་སྔར་ནས་བཟུང་བྱེད་སྒོ་ཁག་ནང་རྒྱུན་འཛིན་བྱས་པའི་འཁྲབ་ཚན་ཡིན་པ་རེད།

    འཁྲབ་སྟོན་པས་ལུས་ལ་ཚོན་སྣའི་རྒྱན་གོས་བཀླུབས་ནས་རོལ་ཆའི་འགྱུར་ཁུག་དང་མཉམ་དུ་ཉམས་འགྱུར་ལྡན་ཞིང་འཁྲུག་ཆ་དོད་པའི་སྟངས་སྟབས་སོགས་ལས་ངོ་མཚར་གྱི་ལྟད་མོ་ཆེན་པོ་སྦྱིན་གྱི་ཡོད།

    གླུ་ལེན་གར་འཁྲབ་བྱེད་སྐབས་ཞིམ་མངར་ཟས་ནི་མེད་དུ་མི་རུང་བ་ཞིག་རེད། བོད་པས་གླིང་ག་གཏོང་སྐབས། སོ་སོའི་ནང་ནས་ནས་ཆང་དང་། ཇ་བསྲུབས་མ། རྩམ་པ། ཤ་སྐམ་སོགས་ཞིམ་མངར་ཟས་ཆང་ཁྱེར་ཡོང་གི་ཡོད་པ་དང་། སྣེ་གདོང་གི་གླིང་གའི་དུས་ཆེན་སྐབས་དང་པོར་ཞལ་ཟས་རོ་བརྒྱ་འཛོམས་པའི་ལོངས་སྤྱོད་འབེལ་ཞིང་། བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་གྲ་སྒྲིག་བྱས་པའི་བོད་ཕག་གི་ཤ་དང་། བོད་བྱའི་སྒོ་ང་། ཁྲག་རྒྱུ། ལུག་ཤ་རྩིབ་བཀྲག་གི་བྲོ་བ་ནི་དེ་བས་བརྗེད་པར་དཀའ་བ་ཞིག་ཡིན།

    ཞིམ་མངར་ཟས་དང་མིག་དབང་གི་ལྟད་མོ་ཕུད་གཞན་ཡང་གླིང་ག་གཏོང་བར་རྩེད་མོ་སྐྱིད་པོ་ཡོད་ན་དེ་བས་སྣང་བ་སྤྲོ།

    “སྤགས་གཡོ་བ”བའི་བྱེད་སྒོས་ཡུལ་གཞན་གྱི་ཡུལ་སྐོར་བར་སྤགས་གཡོ་སྟངས་ཉམས་སུ་མྱོང་དུ་བཅུག་པ་དང་།“གསུམ་སྒྲོན་མཉེས་དག”གི་བྱེད་སྒོས་བོད་ཁྱིམ་གྱི་ཞིམ་མངར་ནས་ཆང་གི་བྲོ་བ་ཚོར་བར་བྱས། ཐག་འཐེན་དང་རྡོ་སྐོར་སོགས་ཀྱི་བྱེད་སྒོས་མི་ཚོགས་ལ་ངར་ཤུགས་དང་སྤྲོ་བ་འཕེལ་ནས་ཚང་མ་དེར་ཞུགས་ཀྱི་ཡོད་པ་རེད།

    ནང་སོག་གི་ཡུལ་སྐོར་བ་ཅ་ཆིན་ཞས་དགའ་སྤྲོའི་ངང“གླིང་ག་བཏང་ན་དངོས་འབྲེལ་སྐྱིད་པོ་འདུག ང་སྣེ་གདོང་དུ་ཡོང་ཐེངས་དང་པོ་ཡིན། ཡུལ་སྲོལ་རིག་གནས་འདི་འདྲ་ཡག་པོ་ཉམས་སུ་མྱངས་པས་བརྗེད་ཐབས་མེད། གོ་སྐབས་བྱུང་ཚེ་ངས་གྲོགས་པོ་ཚོ་ཁྲིད་ནས་སླར་ཡང་ཡོང་རྒྱུ་ཡིན”ཞེས་བརྗོད།

    གླིང་ག་མཇུག་འགྲིལ་སྲིད་ནའང་བོད་པའི་བདེ་སྐྱིད་འཚོ་བ་ནི་ནམ་ཡང་མཇུག་འགྲིལ་མི་སྲིད། བོད་དུ་སྣང་བ་སྐྱིད་པ་ལ་ནི་གླིང་ག་གཏོང་བ་ལྟར་ཡིན། བོད་རིགས་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་བྱུང་ཁམས་ཉམས་སུ་མྱོང་བཞིན་བག་ཕེབས་ངང་འཚོ་བ་སྐྱེལ་བཞིན་མཆིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།