[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ལོ་ཆུང་སྦྱིན་བདག་གི་མིག་རྒྱང་།

    —— ནམ་མཁའ་ཡར་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སིའི་སྦྱིན་བདག་ཚེ་རིང་དབྱངས་ཅན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གསར་འགོད་པ། ཁྲ་དོད། བསྟན་འཛིན་ཕུན་ཚོགས། བཀྲ་ཤིས་ཚེ་དབང་། ལྕང་བུ་ཆུང་།    |    སྤེལ་དུས།   2018-08-10

    539810_yis_1533618022114_s.jpg

    ནམ་མཁའ་ཡར་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སིའི་སྦྱིན་བདག་ཚེ་རིང་དབྱངས་ཅན་གྱིས་བཅར་འདྲི་དང་ལེན་ཞུ་བཞིན་པ། 

    539814_yis_1533618025577_s.jpg

    ཀུང་སིའི་ཐོན་རྫས་བྲིན་ཁ་རབ་ཏུ་རྒྱུག

    539816_yis_1533618027215_s.jpg

    ལོ་ཆུང་སྦྱིན་བདག་མིག་རྒྱང་ཤིན་ཏུ་རིང་།

    539820_yis_1533618030694_s.jpg

    སྲོལ་རྒྱུན་ལག་ཤེས་མ་ཉམས་གོང་དུ་སྤེལ།

    539818_yis_1533618028806_s.jpg

    འགྲེམས་སྟོན་དངོས་རྫས་གནའ་ཉམས་རབ་ཏུ་དོད།

    ལོ་བཞི་ཡི་གོང་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་རྒྱུའི་གོ་སྐབས་བཟང་པོ་དོར་ནས་ཆུང་བྱིས་པའི་དུས་ནས་གཞས་དང་ཞབས་བྲོར་དགའ་བའི་ཁོང་ལྷ་རྩེའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་ཞུགས།

    ལོ་གཉིས་ཀྱི་གོང་ལས་ཞུགས་ཀྱི་འདུན་པ་དྲག་ཏུ་འཕྱུར་བའི་ཁོང་གིས་ཟ་ཁང་དང་ཚོང་ཁང་གཉེར་ནས་ཀུང་སི་འཛུགས་རྒྱུའི་རྨང་གཞི་བཏིང་།

    2018ལོའི་1ཚེས་3ཉིན་ཡོང་འབབ་མི་དམན་ཙམ་ཡོད་པའི་ཟ་ཁང་གི་སྒོ་བརྒྱབ་སྟེ། སྟོད་གཞས་ཀྱི་ཕ་ཡུལ་ཞེས་སུ་གྲགས་པའི་ལྷ་རྩེའི་རྫོང་གྲོང་དུ་བོད་ལྗོངས་ནམ་མཁའ་ཡར་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སིའི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས། ལོ་ཁ་ཤས་ཀྱི་ནང་ལས་གནས་མི་འདྲ་བ་ཁ་ཤས་སུ་བསྐྱོད་དེ་ཚོད་བགམ་ཐེག་ཐབས་དང་ཉམས་མྱོང་གསོག་འདོད་ཀྱི་གཟུགས་བརྙན་གཏོད་མཁན་གཞོན་ནུ་མ་དེ་སུ་ཡིན་ནམ།

    ཁོང་ནི་གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་གོ་སྐབས་དོར་ནས་བློ་ཁོག་ཆེན་པོས་ཁྲོམ་རའི་འགྲན་རྩོད་ཀྱི་རྒྱ་མཚོ་ཆེ་མོའི་ནང་རང་ཉིད་ཀྱི་བློ་གྲོས་དང་འབད་བརྩོན་གྱི་སྐྱ་བར་བརྟེན་ནས་ལང་ཚོའི་འཇོན་ཐང་ངོམ་བཞིན་པའི་སློབ་ཆེན་སློབ་ཐོན་སློབ་མ་ཚེ་རིང་དབྱངས་ཅན་རེད།

    དེ་ཡང་འདི་ལོའི་དབྱར་དུས་ཀྱི་ཉིན་ཞིག་གི་དགོང་མོར་ང་ཚོ་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱི་བཅར་འདྲི་ཚོགས་ཆུང་བཅར་འདྲི་མཇུག་འགྲིལ་ནས་མགྲོན་ཁང་དུ་ལོག་པ་ཡིན། མགྲོན་ཁང་གི་ཚོམས་ཆེན་གྱི་ཟུར་དུ་ཡོད་པའི་འབོལ་ཁྲིའི་སྟེང་ཞབས་ཞུ་མ་ཞིག་ཀམ་པ་ལི་བསླས་ནས་བསྡད་པ་མཐོང་བྱུང་། དེ་མུར་ཁོང་གི་གམ་དུ་བཅར་ཏེ་ཀམ་པ་ལི་བསླས་ནས་འཚོང་གི་ཡོད་དམ་ཞེས་དྲིས་པས། ཞབས་ཞུ་མ་དེས་འཚོང་གི་མེད། ང་རང་སོ་སོའི་ཡིན། འོ་ན་ཀམ་པ་ལི་བསླས་ནས་ཀུང་སི་སོགས་སུ་འཚོང་མཁན་ཡོད་དམ་ཞེས་དྲིས་པའི་ལན་དུ་སློབ་ཆེན་ཐོན་པའི་སློབ་མ་ཞིག་གིས་ཀུང་སི་ཞིག་བཙུགས་ཡོད་པ་དེས་ཉོ་ཡི་ཡོད་ལུགས་གོ་ཐོས་བྱུང་བས། ཀུང་སི་གང་དུ་ཡོད་མེད་སྐད་ཆ་རག་ཙམ་དྲིས་ཏེ་སང་ཉིན་བཅར་འདྲིར་སྐྱོད་རྒྱུའི་གྲ་སྒྲིག་བྱས།

    དོན་སྙིང་ལྡན་པའི་འགྲེམས་ཁང་གི་བཀོད་པ།

    ཁ་ཉིན་བཅར་འདྲི་བྱ་ཡུལ་གྱི་ཁུངས་སྣེ་རྙེད་པ་ལྟར་ང་ཚོ་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱི་བཅར་འདྲི་ཚོགས་ཆུང་གིས་ཚེ་རིང་དབྱངས་ཅན་གྱིས་གཉེར་བའི་ཀུང་སིར་བཅར་འདྲིར་བསྐྱོད་པ་ཡིན། ཀུང་སིའི་སྒོ་འགྲམ་དུ་སླེབས་སྐབས་གཟུགས་བྱད་ལེགས་པ་དང་གྲུང་ཤ་དོད་ལ། ལུས་ལ་དར་སོ་ཆེ་བའི་དེང་དུས་ཀྱི་སྟོད་གོས་དཀར་པོ་ཞིག་གྱོན་པ་དང་བལྟས་པ་ཙམ་གྱིས་ཁོག་རྒྱ་ཆེ་ལ་སྣང་བ་སྤྲོ་བའི་བུ་མོ་ཞིག་གིས་གུས་ཞབས་དང་བཅས་ང་ཚོར་སྣེ་ལེན་ཞུས། ངོ་སྤྲོད་བྱས་པ་བརྒྱུད་ཁོང་ནི་ངེད་ཚོས་བཅར་འདྲི་ཞུ་ཡུལ་གྱི་སློབ་ཆེན་ཐོན་པའི་སློབ་མ་ཚེ་རིང་དབྱངས་ཅན་རེད་འདུག ཅི་འཕྲོས་མོལ་འཕྲོས་བྱས་པ་བརྒྱུད། ཁོང་གིས་གྱོན་པའི་སྟོད་གོས་དཀར་པོ་དེ་ཡང་རང་ཉིད་ཀྱིས་འཆར་འགོད་བྱས་ཏེ་བཟོས་པ་ཞིག་ཡིན་ལུགས་རྟོགས་བྱུང་། ཀུང་སི་དེ་ནི་ལྷ་རྩེ་ཅཱ་ཏིང་ལམ་འགྲིམ་འགྲུལ་བབས་ཚུགས་ཀྱི་ཁ་སྤྲོད་དུ་གནས་པ་དང་མདུན་ངོས་ཉིས་ཐོག་དང་རྒྱབ་ངོས་གཅིག་ཐོག་རེད་འདུག ཀུང་སིའི་སྒོ་བྱང་དུ་བོད་ལྗོངས་ནམ་མཁའ་ཡར་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སི་ཞེས་བྲིས་འདུག

    གསར་འགོད་པས། ལྷ་རྩེ་ཞེས་མ་བཏགས་པར་ནམ་མཁའ་ཡར་ལ་ཞེས་འདོགས་དོན་སྐོར་འདྲི་སྐབས། ཁོ་མོས་2007ལོར་ལྷ་རྩེའི་སྟོད་གཞས་ནམ་མཁའ་ཡར་ལ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་འབྲེལ་མཚན་ཚོགས་ཐོག་སྟོན་པ་ནས་བཟུང་རྒྱལ་ནང་དུ་སྐད་གྲགས་ཆེན་པོ་ཆོད་ཡོད། དེ་ནས་བཟུང་ནམ་མཁའ་ཡར་ལ་གཟིགས་དང་ཞེས་པའི་གཞས་དེ་ཐོས་མ་ཐག་མི་རྣམས་ཀྱི་མིག་ལམ་དུ་ལྷ་རྩེའི་སྒྲ་སྙན་ཞབས་བྲོ་དེ་འཆར་སྲིད། སྤྱི་ཚོགས་ཐོག་ནམ་མཁའ་ཡར་ལ་ཞེས་བརྗོད་སྐབས་ལྷ་རྩེ་བ་ཡིན་པ་ངོས་བཟུང་བཞིན་ཡོད་ལ། ནམ་མཁའ་ཡར་ལ་ཞེས་པ་དེ་ལྷ་རྩེའི་མིང་བྱང་ལྟ་བུར་གྱུར་ཡོད་པས་ངས་ཀྱང་མིང་དེ་བཏགས་པ་ཡིན་ཞེས་དང་། ཡང་ཁོང་གིས་མིང་བྱང་དེར་ཁོ་མོ་རང་ཉིད་ཀྱི་སྨོན་ཚིག་ཀྱང་འདུས་ཡོད་དེ། མ་འོངས་པར་རང་ཉིད་ཀྱི་བྱ་གཞག་དེ་ནམ་མཁའ་ལྟར་ཡངས་པ་ཞིག་ཡོང་བའི་་སྨོན་འདུན་ཡང་འདུས་ཡོད་ཅེས་དགོད་འཚེར་འཚེར་ངང་དོན་ལ་གནས་པའི་རེ་སྨོན་ངོ་མཚར་ཞིག་བརྗོད་བྱུང་།

    ཚེ་རིང་དབྱངས་ཅན་གྱི་སྣེ་ཁྲིད་འོག་ང་ཚོ་ཀུང་སིའི་ནང་འཛུལ་མ་ཐག་མིག་ལམ་དུ་གྱང་ངོས་ཚང་མར་ལྕི་བ་སྒོར་སྒོར་ཆུང་ཆུང་མང་པོ་སྦྱར་ཡོད་པ་དང་། དེ་སྟེང་གི་མཛུབ་མོའི་པར་རྗེས་ལ་ཚོན་རྩི་སྣ་ཚོགས་བསྐུས་འདུག གྱང་ངོས་སུ་ད་དུང་ང་ཚོའི་ཕ་མེས་རྣམས་ཀྱིས་སྤྱོད་མྱོང་བའི་འུར་རྡོ་དང་། ལིང་ཤང་། ཏོང་ཏོང་སོགས་བཀལ་ཡོད་པ་མཐོང་སྐབས། རང་བཞིན་དུ་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་དྲན་བྱུང་། མཛེས་བཟོ་དེ་དག་ནི་ངོ་མ་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་འདུག གསར་འགོད་པས། མཛེས་བཟོ་འདི་དག་སུས་བྱས་མིན་སྐད་ཆ་འདྲི་སྐབས། ཁོང་གིས་ཀུང་སིའི་མཛེས་བཟོ་དང་འཆར་འགོད་ཚང་མ་རང་ཉིད་ཀྱིས་བྱས་པ་ཡིན། གང་ཡིན་ཟེར་ན་རང་ཉིད་ཆུང་དུས་སུ་ཞིང་པའི་ནང་འཚོ་བ་སྐྱེལ་མྱོང་བ་ཞིག་ཡིན་པས་ལྕི་བ་ལ་དུང་ཞེན་ཆེན་པོ་ཡོད། ལྕི་བ་ནི་འབུད་རྫས་ཤིག་ཡིན་པ་མ་ཟད་དེར་རིན་ཐང་གཞན་ཡང་ཡོད་ངེས་རེད། ལྷག་པར་དུ་ང་ཚོ་གཙང་ཁུལ་གྱི་སྡོད་ཁང་གི་གཡང་ངོས་ཕྱི་ནང་མེད་པར་ལྕི་བ་སྦྱར་གྱི་ཡོད་པ་དེ་སུབ་ཐབས་མེད་པའི་བག་ཆགས་སུ་གྱུར་ཡོད་པས། ངས་ཀྱང་འདི་གར་ལྕི་བའི་མཛེས་བཟོ་འདི་ལྟ་བུ་བྱས་ནས་ཕྱོགས་བཞིའི་སྐུ་མགྲོན་རྣམས་ལ་ངོ་མཚར་གྱི་མཛེས་ལྗོངས་ཤིག་བཏོད་ཡོད་ཅེས་བརྗོད་བྱུང་།

    དེ་རྗེས་ང་ཚོ་ཁང་པ་སྦུག་མར་བསྐྱོད་པ་དང་གཡོན་ངོས་ནས་མཐའ་འཁོར་དུ་འགྲེམས་ཁུལ་དགུ་ལ་དབྱེ་ཡོད་པ་དང་ཁོང་གིས་རེ་རེ་བཞིན་ང་ཚོར་ངོ་སྤྲོད་བྱས་པ་སྟེ། འགྲེམས་ཁུལ་དང་པོ་དང་གཉིས་པར་ཁ་གདན་སྣ་ཚོགས་བསྒྲིགས་ཡོད། ཁ་གདན་ནི་ངེད་ཀུང་སིའི་ཐོན་རྫས་གཙོ་བོ་ཞིག་ཡིན། ཐོན་རྫས་གཙོ་བོར་འཇོག་དོན་ཡང་ངའི་ཁྱིམ་རྒྱུད་དང་འབྲེལ་བ་ངེས་ཅན་ཡོད། གང་ཡིན་ཟེར་ན། ངའི་ཁྱིམ་རྒྱུད་མི་རབས་བཞི་ཙམ་ཁ་གདན་འཐག་མཁན་རེད། ལྷག་པར་དུ་ངའི་ཨ་མ་དང་སྲུ་མོའི་ཁ་གདན་འཐག་རྩལ་ལ་སྔ་ས་ནས་ལྷག་རྩེ་རྙིང་པའི་གྲོང་ཚོར་སྐད་གྲགས་ཏོག་ཙམ་ཡོག་རེད། ཨ་མའི་དུས་སྐབས་སུ་རང་ཉིད་ལ་ལག་ཤེས་ཡོད་ཀྱང་མངགས་མཁན་ཡོད་ཚེ་འཐག་པ་དང་མངགས་མཁན་མེད་ཚེ་འཐག་གི་མེད། དེ་དུས་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པས་ཁྲོམ་རར་ཚོང་ཁང་བཙུགས་ནས་འཚོང་རྒྱུ་ནི་སྤྲོས་བྲལ་རེད། འོན་ཏེ་ད་ཆ་ང་རང་གི་དུས་སྐབས་སུ་རིན་ཐང་དེ་ཁྲོམ་རའི་ཐོག་མངོན་ཐུབ་པ་བྱ་རྒྱུའི་འདུན་པ་དྲག་པོ་ཞིག་སྔ་ནས་འཆང་མྱོང་ཡོད་ལ་ད་ཆ་སྤྱིར་ན་དོན་འཁྱོལ་ཡང་བྱུང་སོང་། འགྲེམས་ཁུལ་གསུམ་པར་བོད་ཡིག་ཡིག་གཟུགས་སྦྱོང་བྱེད་ཀྱི་ཡོ་བྱད་སྣ་ཚོགས་བཞག་ཡོད་ཅིང་། ངེད་ཀུང་སིའི་འགན་འཁུར་བ་ཚེ་བརྟན་དོན་གྲུབ་ཀྱི་ཡིག་གཟུགས་ཡག་པོ་ཡོད་སྟབས་རིང་མིན་ཀུང་སིས་ཡིག་གཟུགས་འཛིན་གྲྭ་ཞིག་གཉེར་རྩིས་ཡོད་ཅེས་ཟེར། འགྲེམས་ཁུལ་བཞི་པར་རང་ཉིད་ཀྱིས་ཆུང་དུས་བེད་སྤྱོད་གཏོང་མྱོང་བའི་ཅ་དངོས་སྣ་ཚོགས་ཡོད། ཅ་ལག་དེ་དག་བསྒྲིགས་དོན་ནི་རང་ཉིད་ཆུང་དུས་སུ་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པས་ཅ་ལག་དེ་དག་ནི་ཕ་མས་བསགས་བསགས་གྲུང་གྲུང་བྱས་ནས་ཉོས་པ་ཞིག་རེད། དེའི་ཐད་ཕ་མས་དཀའ་ལས་མང་པོ་ཞིག་བརྒྱབ་ཡོད་པས་ཕ་མའི་བཀའ་དྲིན་དྲན་ཕྱིར་དང་རང་ཉིད་བྱིས་དུས་ཀྱི་སྣང་ཚུལ་སྣ་ཚོགས་དྲན་ཕྱིར་ཡིན་ཞེས་བཤད། འགྲེམས་ཁུལ་ལྔ་པར་ཡུལ་སྐོར་བས་འཁྱེར་བདེ་བའི་སྒྲ་སྙན་ཆུང་ཆུང་རེ་གཉིས་བསྒྲིགས་ཡོད། སྒྲ་སྙན་ནི་ལྷ་རྩེའི་མིང་བྱང་ལྟ་བུར་གྱུར་ཡོད། 2014ལོར་ལྷ་རྩེའི་སྒྲ་སྙན་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་བྱང་དུ་བཅུག་པ་རེད། དེར་བརྟེན་ལྷ་རྩེའི་སྒྲ་སྙན་ལ་ཡུལ་སྐོར་བ་མང་པོས་དགའ་པོ་བྱེད་ཀྱི་འདུག ད་ཆ་ངས་ཤིང་བཟོ་བ་དང་གན་རྒྱ་བཞག་ནས་ཡུལ་སྐོར་བས་འཁྱེར་བདེ་བའི་སྒྲ་སྙན་བཟོ་བཞིན་ཡོད་ཅེས་དང་། འགྲེམས་ཁུལ་ལྔ་པར་མི་རབས་སྔ་མས་སྤྱོད་མྱོང་བའི་ས་ཐབ་དང་ཐབ་ཆས་སྣ་ཚོགས་བསྒྲིགས་འདུག འགྲེམས་ཁུལ་འདིའི་ནང་གཙོ་བོ་ལོ་ངོ་400ལྷག་ཙམ་སོང་བའི་ཀོ་བ་ལས་བཟོས་པའི་ཚྭ་སྣོད་སོགས་མཐོང་རྒྱུ་འདུག དེ་ནི་ད་ལྟའི་ཕྲུ་གུ་ཚོས་མི་རབས་སྔ་མས་སྤྱོད་མྱོང་བའི་ཅ་ལག་ལ་རྒྱུས་མངའ་མེད་པས་མི་རབས་རྗེས་མར་ང་ཚོའི་ཕ་མའི་དུས་སྐབས་ཀྱི་དཀའ་སྡུག་དང་འཚོ་བའི་ཆ་རྐྱེན་མིག་ལམ་དུ་མངོན་པར་བྱས་ཏེ་ད་ལྟའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་དྲན་སྐུལ་བྱ་ཆེད་ཡིན། འགྲེམས་ཁུལ་བདུན་པར་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ཅོག་ཙེ་དང་ཁ་གདན་སོགས་བསྒྲིགས་ཡོད། ང་ཚོ་སྤྱི་ཚོགས་གསར་པའི་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པས་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་འཚོ་བ་བརྒྱུད་མྱོང་མེད། ཡིན་ནའང་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ཅ་ལག་དེ་དག་མཐོང་བ་ཙམ་གྱིས་ཁོང་ཚོའི་འཚོ་བ་ཟུར་བལྟས་ལེབ་མཐོང་རེད། འགྲེམས་ཁུལ་བཞི་པ་དང་འགྲེམས་ཁུལ་བདུན་པ་ཁ་སྤྲོད་དུ་འཇོག་དོན་ཡང་གཙོ་བོ་སྤྱི་ཚོགས་གསར་རྙིང་བསྡུར་བ་བྱ་རྒྱུའི་ཆེད་དུ་ཡིན། འགྲེམས་ཁུལ་བརྒྱད་པར་འཐག་ཁྲི་དང་སོ་ནམ་ཡོ་བྱད་སྣ་ཚོགས་བསྒྲིགས་འདུག དེ་ནི་གཙོ་བོ་སོ་ནམ་པའི་འཚོ་བ་མཚོན་བྱེད་ཡིན་པ་དང་། འགྲེམས་ཁུལ་དགུ་པར་ཀམ་པ་ལི་སྣ་ཁ་ཁ་ཤས་བསྒྲིགས་འདུག དེ་དག་ནི་མི་གཞན་གྱིས་བསླས་པ་ཚབ་འཚོང་བྱེད་ཀྱི་འདུག འགྲེམས་ཁང་གི་དབུས་སུ་ཤེལ་སྒྲོམ་གྲུ་བཞི་ནར་མོ་ཆེན་པོའི་ནང་ཤང་གྲོང་11གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྣ་ཚོགས་ཡོད་པ་དག་ཀྱང་ཀུང་སིས་ཚབ་འཚོང་བྱེད་ཀྱི་ཡོད་ཅིང་། ཁོ་མོའི་ངོ་སྤྲོད་ལས་ང་ཚོར་ཁོང་ལོ་ན་ཆུང་ཡང་ཕུགས་བསམ་ཆེ་ལ་མིག་རྒྱང་རིང་ཞིང་དཀའ་ངལ་ལ་མགོ་མི་སྒུར་བར་མུ་མཐུད་མདུན་སྐྱོད་བྱེད་མཁན་དུས་རབས་གསར་པའི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ཚོར་སྣང་བྱུང་།

    སྙིང་སྟོབས་ཆེན་པོས་ལས་རིགས་གང་སར་ཞུགས།

    ང་ཚོས་འགྲེམས་སྟོན་ཁང་ལ་ལྟ་སྐོར་དང་ཁོང་གི་ངོ་སྤྲོད་ཉན་རྗེས། ང་ཚོས་ཁོང་ལ་ལས་གཏོད་ཀྱི་བརྒྱུད་རིམ་བརྗོད་རོགས་ཞེས་ཞུས་པ་ཡིན། ཚེ་རིང་དབྱངས་ཅན་ནི་ལྷ་རྩེ་རྫོང་རྙིང་པ་གནས་ཡུལ་གྲོང་ཚོའི་དགོན་གསར་ཞེས་པའི་ཁྱིམ་ནས་ཡིན་པ་དང་། 2014ལོར་ལྷ་ས་ལས་རིགས་ལག་རྩལ་སློབ་གྲྭའི་དབྱིན་ཡིག་སྣེ་ཤན་པའི་ཆེད་ལས་ནས་ཐོན་པ་དང་། གཞུང་ཞབས་པའི་ཡིག་ཚད་དང་བྱ་གཞག་གསར་གཏོད་ཀྱི་གདམ་གའི་ཁྲོད་དུ་ཁོང་གིས་བྱ་གཞག་གསར་གཏོད་གདམ་ག་བྱས།

    ཕ་ཡུལ་དུ་ལོག་རྗེས་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་ཞུགས་ཤིང་། གསར་འགོད་པས། ཁྱེད་ཀྱི་ཆེད་ལས་ནི་དབྱིན་ཡིག་སྣེ་ཤན་པ་ཞིག་ཡིན་ཀྱང་དམངས་ཁྲོད་སྒྱུ་རྩལ་ནང་ཞུགས་དོན་གང་ཡིན་ཞེས་འདྲི་སྐབས། ཁོང་གིས་བོད་དུ་ཡུལ་སྐོར་གྱི་མཛེས་ལྗོངས་ཧ་ཅང་མང་པོ་ཡོད་པ་མ་ཟད། རྒྱལ་ཕྱི་རྒྱལ་ནང་ནས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་གི་ཡོད་པས། རང་ཉིད་ཀྱི་བསམ་བློར་ཡང་ཡུལ་སྐོར་སྣེ་ཤན་པ་ཞིག་བྱ་རྒྱུའི་འདུན་པ་འཆང་མྱོང་ཡོད། ཡིན་ནའང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་བསམ་འདུན་དེ་སྒྲུབ་ཐུབ་མ་སོང་། གང་ཡིན་ཞེ་ན། རང་ཉིད་ཆུང་བྱིས་པའི་དུས་ནས་གཞས་དང་ཞབས་བྲོ། རོལ་དབྱངས་སོགས་ལ་ཧ་ཅང་དགའ་པོ་ཡོད་པའི་ཐོག་ཕ་ཡུལ་དུ་ལོག་རྗེས་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཞིག་གྲུབ་སྟེ་འཁྲུག་ཆ་དོད་པོ་འདུག་པས། དེ་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་ཞུགས་པ་མ་ཟད་དེ་གའི་འགན་འཁུར་བ་ལོ་གཉིས་ལ་ཉེ་བ་ཞིག་བྱས་པ་ཡིན་ཞེས་བཤད།

    ཕ་མའི་ཤུགས་རྐྱེན་དང་རང་ཉིད་ཀྱི་དགའ་ཕྱོགས་ལ་བརྟེན་ནས་སྐབས་ཤིག་རིང་ཁོ་མོས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་གླུ་གར་ཞབས་གཞས་ལ་རོལ་ཏེ་ལང་ཚོའི་ཉམས་འགྱུར་ངོམ་བཞིན་སྤྲོ་བའི་ངང་དུས་འདའ་ཞིང་། དེའང་རང་ཉིད་ཀྱི་ལེགས་སྐྱེས་ཤིག་ཡིན་སྙམ་མོད། འོན་ཏེ་སྐྱིད་སྡུག་སྒང་གཤོངས་མི་སྙོམས་པའི་འཇིག་རྟེན་འདིར་དགའ་སྐྱོའི་བྱ་དངོས་འདྲེས་འོང་བའི་ཆོས་ཉིད་ལྟར། 2015ལོར་རང་ཉིད་ཀྱི་ཕ་ནད་ཀྱིས་མནར་ཏེ་ཚེ་ལས་འདས་པས་ན། ཕའི་རྗེས་འཇུག་གྲུབ་རྗེས་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་ཞུགས་པའི་དབྱིངས་རྦད་དེ་ཉམས་ནས་ཚོགས་པ་ནས་ཕྱིར་བཤོལ།

    ད་འོ་ན། འཚོ་བའི་ཁྲོད་དུ་རྐང་པ་བརྟན་པོ་ཞིག་གང་འདྲ་བྱས་ཏེ་འཛུགས་དགོས་སམ། དེ་ནི་ཁོ་མོས་བསམ་གཞིག་བྱ་དགོས་པའི་གནད་དོན་ཞིག་རེད།

    རེད་ཨང་ཁོང་ཆུང་དུས་ནས་ཞབས་གཞས་དང་རོལ་དབྱངས་ལ་དགའ་པོ་ཡོད་པས་སློབ་གྲྭ་འགྲིམས་སྐབས་སུ་སློབ་གྲྭའི་མཚན་ཚོགས་གང་ཡིན་ཡང་ཚང་མར་ཞུགས་ཀྱི་ཡོད། ཁོང་གིས་འཁྲབ་པའི་གཞས་དང་ཞབས་བྲོར་སློབ་མ་ཚང་མས་དགའ་པོ་བྱེད་ཀྱི་ཡོད། ཁོང་དེ་ལྟར་གཞས་དང་ཞབས་བྲོར་དགའ་དོན་ཡང་ཕ་མའི་ཤུགས་རྐྱེན་ངེས་ཅན་ཐབས་ཡོད་དེ། ཁོང་གི་ཕ་འཚོ་ཞུགས་སྐབས་གཞས་དང་ཞབས་བྲོར་ཧ་ཅང་དགའ་པོ་ཡོད་པ་མ་ཟད། ལྷག་པར་དུ་སྒྲ་སྙན་ལ་ཤིན་ཏུ་མཁས་པོ་ཡོད། ཨ་མའང་གཞས་དང་ཞབས་བྲོ་མཁས་པ་ཞིག་རེད་འདུག ནམ་རྒྱུན་ཕ་ལས་མཚམས་བཞག་ནས་ནང་དུ་སླེབས་མ་ཐག་སྒྲ་སྙན་ལག་ཏུ་མ་འཇུས་ན་སྒོར་མོ་སྟོང་ཕྲག་བརླག་པ་ལྟར་སྡོད་མ་ཐུབ་པར་ཚ་གི་ཚི་གི་བྱེད་པ་དང་། ཚེ་རིང་དབྱངས་ཅན་ཡང་ཕ་མའི་ཤུགས་རྐྱེན་ཡིན་ནམ་ཡང་ན་རང་ཉིད་ཀྱི་ལྷན་སྐྱེས་ཡིན་ནམ་གང་ལྟར་ཆུང་དུས་ནས་ཞབས་གཞས་ལ་དགའ་པོ་ཡོད་རྐྱེན་ཕ་དང་བུ་མོ་ནང་དུ་སྡོད་སྐབས་དང་ལྷག་པར་བུ་མོ་དགུང་གསེང་སྐབས་སུ་ཕས་སྒྲ་སྙན་གཏོང་བ་དང་བུ་མོས་ཞབས་བྲོ་འཁྲབ་པ་དང་གླུ་གཞས་གཏོང་བ་སོགས་འཆམ་མཐུན་སྤྲོ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས། འོན་ཀྱང་ཚེ་རིང་དབྱངས་ཅན་སློབ་གྲྭ་ཐོན་ནས་ལོ་གཅིག་མ་སོང་བར་ཕ་ནད་ཀྱིས་མནར་ནས་སྨན་བཅོས་བྱས་ཀྱང་དྲག་སྐྱེས་མ་བྱུང་བར་ཚེ་ལས་འདས། དེ་ནི་ཁོང་གི་ངོས་ནས་བརྗོད་ན། ཡིད་སྐྱོ་ཤོས་དང་སྡུག་བསྔལ་ཆེ་ཤོས། བློ་ཕམ་ཤོས་ཤིག་ལོས་ཡིན་ཏེ། སྐབས་དེ་དུས་ཁོང་ལ་སྡུག་བསྔལ་བཟོད་གླགས་མེད་པ་བྱུང་ནས་ཉིན་མཚན་མེད་པར་ངོ་གདོང་མིག་ཆུས་བརླན་ཞིང་ཟས་ཀྱི་དང་ག་ཉམས་ནས་ཤ་ཡང་རིད་པར་གྱུར།

    སྐྱེས་མཐར་འཆི་བ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་བཟློག་ཐབས་ག་ལ་ཡོད། ཚེ་རིང་དབྱངས་ཅན་གྱིས་ཕའི་རྗེས་འཇུག་ཚང་མ་ཚར་རྗེས། རང་ཉིད་ཀྱི་ཆེས་དགའ་ཤོས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནས་དོན་ཏེ་མི་ཚེའི་གདམ་གག་གཞན་ཞིག་ལ་མནོ་བསམ་གཏོང་འགོ་ཚུགས།

    2015ལོའི་ལོ་སྨད་དུ། ཁོང་གིས་བསགས་བསག་གྲུང་གྲུང་བྱས་པའི་དངུལ་དང་ཕ་མ་སྤུན་མཆེད་ཀྱིས་རྒྱབ་སྐྱོར་གནང་བའི་དངུལ་བསྡོམས་སྒོར་ཁྲི་3གྱིས་མ་རྩ་བྱས་ནས་ཚོང་ཁང་ཆུང་ཆུང་ཞིག་བཙུགས། ཚོང་ཁང་དེའི་ནང་གཙོ་བོ་ལྷ་ས་སོགས་ནས་ནང་འདྲེན་བྱས་པའི་དར་སོ་ཆེ་བའི་གྱོན་གོས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད། ཁོང་གིས་ཚོང་ཁང་མ་བཙུགས་གོང་ལྷ་རྩེའི་ཁྲོམ་རར་བརྟག་ཞིབ་ཐེངས་མང་བྱས་པ་དང་། “བྱ་བ་གང་བྱེད་ཀྱང་སྔོན་ལ་བརྟག་དཔྱད་བྱ་རྒྱུ་དེ་ངའི་གོམས་གཤིས་སུ་འཇགས་ཡོད”ཅེས་པ་དེ་ནི་ཁོ་མོའི་ལག་ལེན་ཁྲོད་ཀྱི་ཉམས་མྱོང་གི་སྡོམ་ཚིག་ཅིག་རེད། དེ་ལྟར་བརྟག་དཔྱད་བྱས་པ་བརྒྱུད་དར་སོ་ཆེ་བའི་གྱོན་གོས་འཐེན་ནས་བཙོངས་ཤིང་། ལོ་གཅིག་ཡང་མ་འགོར་བར་མ་རྩ་ཕུད་པའི་ཁེ་བཟང་སྒོར་ཁྲི་ཁ་ཤས་བྱུང་ཡོད་པ་རེད།

    ལྷ་རྩེ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་ཆགས་པའི་རྫོང་གྲོང་བདུན་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་རྫོང་ཞིག་ཡིན་ལ། འགྲིམ་འགྲུལ་ཡང་སྟབས་བདེ་བས་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཡོད་པས་ཟ་ཁང་གི་ཡོང་འབབ་ཧ་ཅང་ཡག་པོ་ཡོད། ཚེ་རིང་དབྱངས་ཅན་གྱིས་ས་བབ་ཀྱི་ཁྱད་ཆོས་དང་བསྟུན་ནས་གྱོན་གོས་ཚོང་ཁང་གཉེར་མཚམས་བཞག་སྟེ་བོད་ཟས་དང་རྒྱ་ཟས་སྣེ་འཛོམས་ཀྱི་ཟ་ཁང་ཞིག་གཉེར། གསར་འགོད་པས་ཟ་ཁང་གི་ཚོང་ཡག་པོ་ཡོད་ཀྱང་རྗེས་སུ་ཁྱེད་ཀྱིས་ཟ་ཁང་བཞག་ནས་ཀུང་སི་གཉེར་དོན་གང་ཡིན་ཞེས་འདྲི་སྐབས། ཁོང་གིས་ཟ་ཁང་གི་ཚོང་དངོས་གནས་ཡག་པོ་ཡོད། དང་པོ་བྱས་ན་ཟ་ཁང་དང་ཀུང་སི་གཉིས་ཀ་གཉེར་རྒྱུའི་བསམ་བློ་བཏང་བ་ཡིན། ཡིན་ནའང་ངས་ལྷ་རྩེའི་རྫོང་གྲོང་ཚང་མར་ཉིན་ཤས་སྐོར་བ་བརྒྱབ་ནས་ས་ཆ་འཚོལ་བར་ཕྱིན་པ་ཡིན་ཡང་བློ་ལ་བབ་པའི་ས་ཆ་ཡག་པོ་ཞིག་རག་མ་བྱུང་བས་སེམས་ཐག་བཅད་དེ་ཟ་ཁང་སྒོ་བརྒྱབ་ནས་ས་ཆ་དེ་རང་དུ་ཀུང་སི་འདི་བཙུགས་པ་ཡིན་ཞེས་བཤད།

    ཁོང་ལ་ལག་རྩལ་མཁས་པའི་ཨ་མ་དང་སྲུ་མོའི་རྒྱབ་སྐྱོར་དང་ཐོན་ཁུངས་ཡོད་པས་ཕུགས་བསམ་མངོན་འགྱུར་ཡོང་བའི་ཡིད་ཆེས་བརྟན་དུ་སོང་། 2015ལོའི་ལོ་སྨད་དུ། ཚེ་རིང་དབྱངས་ཅན་གྱིས་ཆུང་དུས་ནས་མཉམ་དུ་སློབ་གྲྭ་འགྲིམས་མྱོང་བའི་སློབ་གྲོགས་ཚེ་བརྟན་དོན་གྲུབ་ལ་ཁ་པར་བརྒྱབ་ནས་རང་ཉིད་ཀྱི་བསམ་འདུན་བཤད་པ་དང་ཚེ་བརྟན་དོན་གྲུབ་ཀྱིས་ཀྱང་རྒྱབ་སྐྱོར་དང་བཅས་མོས་མཐུན་བྱས། དེ་རྗེས་སློབ་ཐོན་སློབ་མ་གསུམ་དང་གན་རྒྱ་བཞག དེ་ནས་བཟུང་ཚོང་ཁང་དང་ཟ་ཁང་གཉེར་ཞོར་དུ་ཁོང་དང་སློབ་ཆེན་ཐོན་པའི་སློབ་མའི་ཚོགས་པས་ཁྲོམ་རར་བརྟག་དཔྱད་བྱེད་འགོ་བརྩམས། ཐོག་མའི་བསམ་བཀོད་ཡོད་པས། ཁོང་གིས་ཁོམ་པ་ཡོད་རིམ་བཞིན་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དབྱར་གྱི་ཚ་གདུང་དང་དགུན་གྱི་གྲང་ངར་ལ་མི་འཛེམས་པར་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ཏེ་ལྷ་རྩེའི་ཐོན་ཁུངས་གཙོ་བོ་ཐོན་སའི་གྲོང་ཚོ་གཙོས་ཤང་གྲོང་11གི་གྲོང་ཚོ་98དུ་བསྐྱོད་དེ་ཅ་ལག་རྙིང་པ་བསྡུ་རུབ་དང་མང་ཚོགས་དབར་མཉམ་ལས་ཀྱི་བྱ་བ་གཉེར།

    གསར་འགོད་པ། ཤང་གྲོང་11གི་གྲོང་ཚོ་98དུ་སྐྱོད་སྐབས་ཁྱེད་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ངེས་རེད། དཀའ་ངལ་དེ་དག་ཁྱད་བསད་ཇི་ལྟར་བྱས་ཡོད་དམ། ཚེ་རིང་དབྱངས་ཅན་གྱིས། ངོ་མ་དཀའ་ངལ་མང་པོ་ཞིག་འཕྲད་བྱུང་། སྐབས་རེ་ཉིན་གང་སྐྱོད་ཀྱང་ཅ་ལག་སྣ་གཅིག་ཀྱང་རག་གི་མི་འདུག སྐབས་རེ་འདོད་བློ་ཡོད་པའི་ཅ་ལག་མཐོང་ཡང་མང་ཚོགས་ཀྱིས་ཚོང་འདོད་བྱེད་ཀྱི་མི་འདུག ཐབས་ཟད་འུ་ཐུག་གི་སྐབས་སུ་ཡིད་ཐང་ཡང་ཆད་ཡོང་། ཡིན་ནའང་རང་ཉིད་ལ་བྱ་གཞག་གསར་གཏོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་ལ་བསམ་པའི་གྲ་སྒྲིག་ཀྱང་ཡོད་པས། རང་གིས་རང་ལ་དོན་ཆེན་སྒྲུབ་པར་ངང་རིང་དགོས་ཞེས་སེམས་གསོ་བྱས་ཏེ་སེམས་ཤུཌ་འཕེལ་བར་བྱེད་ཀྱི་ཡོད།

    དཀའ་ངལ་ཆེ་ཤོས་ནི་དབའ་ལུང་གྲོང་ཚོའི་ཟོམ་པ་ལྷམ་བཟོ་མཁན་དང་མཉམ་ལས་བྱ་རྒྱུའི་ཐད་ཐུག་བྱུང་། ཁོང་ཚོའི་ཟོམ་པ་ལྷམ་གྱི་བཟོ་ལྟ་ཡིན་ནའང་འདྲ་བཟོ་རྩལ་ཡིན་རུང་དཔེ་ཡག་པོ་འདུག ཁོང་ཚོ་དང་མཉམ་ལས་བྱེད་འདོད་ཆེན་པོ་བྱུང་བས། ཁོང་ཚོར་བསམ་བློའི་སློབ་གསོ་རྒྱག་པར་ཐེངས་མང་བསྐྱོད་པ་ཡིན། ཁོང་ཚོའི་ཟོམ་པ་ལྷམ་འཚེམ་མཁན་ཚང་མ་ཁྱིམ་ཚང་གི་ཕ་རྒན་རྐྱང་རྐྱང་ཡིན་པས་དཔྱིད་ལས་ཚར་མ་ཐག་མངའ་རིས་སོགས་སུ་གླ་པར་སོང་ཙ་ན་ཟོམ་པ་ལྷམ་ཐོན་སྐྱེད་ཀྱང་ཧ་ཅང་འགོར་པོ་འདུག ལོ་གཅིག་ལ་ཆ་རེ་གཉིས་མ་གཏོགས་ཐོན་གྱི་མི་འདུག མ་གཞི་ཁོང་ཚོའི་གྲོང་ཚོར་མཉམ་ལས་ཁང་གཅིག་ཡོད་བཟོ་འདུག ཡིན་ནའང་མཉམ་ལས་ཁང་ལ་དོ་དམ་བྱེད་མཁན་ཡག་པོ་མེད་པའི་རྐྱེན་གྱིས་དེ་ཙམ་ཡག་པོ་བྱུང་མི་འདུག ང་རང་གིས་གྲོང་ཚོའི་ཚུན་ཀྲང་བཙལ་ནས་དེའི་ཐད་སྐད་ཆ་བྱས་ཀྱང་ཚུན་ཀྲང་གིས་མོས་མཐུན་བྱུང་ཡང་མང་ཚོགས་ཚོ་ཕྱིར་གླ་པ་རྒྱུག་ན་དངུལ་སྨར་ཡོང་འབབ་མང་བ་ཡོང་གི་ཡོད་པས་སེམས་ཤུགས་དེ་ཙམ་མི་འདུག དེ་ལྟར་ཡིན་ཡང་བསམ་བློའི་སློབ་གསོ་ཐེངས་མང་བརྒྱབ་མཐར་2016ལོར་ཁྱིམ་ཚང་16དང་གན་རྒྱ་བཞག་པ་ཡིན། མ་འོངས་པར་རང་ཉིད་ཀྱི་ཀུང་སི་བརྒྱུད་ཁོང་ཚོའི་ཐོན་ཁུངས་ཁྲོམ་རར་ཁ་ཕྱོགས་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    ལོ་དེར་གྲའུ་གྲོང་ཚོའི་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་50དང་འཚེམ་བུའི་མཉམ་ལས་ཀྱི་གན་རྒྱ་བཞག ལྷ་རྩེ་རྫོང་དུ་གྲའུ་གྲོང་ཚོའི་འཚེམ་བུར་སྐད་གྲགས་ཅུང་ཡོད། ད་ཆ་དུད་ཚང་50ཡིས་རང་ཉིད་ཀྱིས་འཆར་འགོད་བྱས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་དེང་དུས་ཀྱི་བཟོ་ལྟ་དཔེ་གསར་གཅིག་སྡུད་ཀྱི་གྱོན་གོས་བཟོ་བཞིན་ཡོད་ལ་མི་རིང་བར་ཁྲོམ་རར་འདོན་རྒྱུ་རེད།

    ལྷ་རྩེ་རྙིང་པ་ནི་ཁོང་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་ཡིན་ཞིང་། ཁོང་གི་ཁྱིམ་རྒྱུད་ཀྱིས་ཁ་གདན་འཐག་པའི་ལག་ཤེས་དེ་རྒྱུན་འཛིན་བྱས་ནས་མི་རབས་བཞི་ཙམ་འདས་སོང་བ་དང་། ད་ཆ་ཁོང་གི་སྲུ་མོའི་འཐག་རྩལ་ལ་སྐད་གྲགས་ཡོད་པ་མ་ཟད། ན་ནིང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་རྒྱུན་འཛིན་ནང་བཅུག་པ་རེད། ཆ་རྐྱེན་དེ་ལྟར་འཛོམས་པས་ཚེ་རིང་དབྱངས་ཅན་གྱིས་ལྷ་རྩེ་རྙིང་པར་མཉམ་ལས་ཁང་ཞིག་བཙུགས་པ་མ་ཟད། གྲོང་ཚོའི་མཉམ་ལས་ཁང་གི་འགྲན་རྩོད་མདུན་དུ་ལས་མི་56གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཁོང་གི་ཀུང་སི་དང་མཉམ་ལས་བྱ་རྒྱུའི་གདམ་ག་བྱས།

    དཀའ་བའི་བྲག་ལ་མ་འཛེགས་ན། བདེ་མོའི་སྤང་ལ་སླེབས་མི་ཐུབ། ད་ལོ་ལོ་26 ལ་སོན་པའི་ཁོང་གིས་གཞན་གྱིས་ཐེག་མི་ཐུབ་པའི་ཁུར་པོ་ལྕི་པོ་ཕྲག་ཐོག་ཏུ་ཁུར་ནས་ལོ་གཅིག་དང་ལོ་ཕྱེད་ཙམ་ཁྲོམ་རར་བརྟག་དཔྱད་དང་གྲོང་ཚོ་ཁག་ཏུ་སྐྱོད་མཐར་ཀུང་སི་དངོས་སུ་འཛུགས་རྒྱུའི་ཆ་རྐྱེན་སྤྱིར་ན་གྲུབ་ནས་སྒོར་ཁྲི་200བཏང་ནས་རང་ཉིད་ཀྱིས་འཆར་འགོད་བྱས་ཏེ་2016ལོའི་ཟླ་9ཚེས་27ཉིན་བོད་ལྗོངས་ནམ་མཁའ་ཡར་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་དངོས་སུ་བཙུགས། ཤེས་རྟོགས་བྱུང་གསལ། ད་ཆ་ཁོང་གི་ཀུང་སིས་རང་ཉིད་ཀྱིས་ཇུས་འགོད་བྱས་པ་དང་ཚོང་རྟགས་ནམ་མཁའ་ཡར་ལ་བརྒྱབ་པའི་ཁ་གདན་གཙོས་གྱོན་ཆས་དང་། ཉལ་ཤུབས་ཆ་ཚང་བཞི་དང་། གྱང་ཤོག་སོགས་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་ན་ནིང་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནང་ཉིན་བདུན་ཞུགས་པར་ཁ་གདན་ཆ་བདུན་བྲིན་པར་ཁེ་བཟང་སྒོར་ཁྲི་10ལྷག་ཙམ་བྱུང་བ་རེད། ད་དུང་གྲའུ་གྲོང་ཚོའི་གཱ་དང་ཡིག་ཚགས་བཟོས་པའི་དབུལ་པོའི་ཁྱིམ་ཚང་ལ་གོས་འཁྲུད་འཕྲུལ་འཁོར་དང་། ཇ་དམ་སོགས་སྒོར་ཁྲི་56000ལྷག་ཙམ་རི་བའི་འཚོ་བའི་མཁོ་ཆས་སྤྲད་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

    ད་ཆ་ཁོང་གི་ཀུང་སིར་ལས་མི་བརྒྱ་དང་བཅུ་མེད་གཉིས་དང་སློབ་ཆེན་ཐོན་པའི་སློབ་མ་ལྔ། ཀུང་སིའི་སྤྱི་ཁྱབ་ཇུས་འགོད་པ་གཅིག ཀུང་སིའི་བརྙན་པར་འཆར་འགོད་པ་གཅིག ཁ་གདན་འཐག་རྩལ་དགེ་རྒན་དང་འགན་འཁུར་བ་གཅིག་བཅས་ཡོད་པ་དང་ཐོ་འགོད་མ་དངུལ་སྒོར་ཁྲི་1000ཟིན་ཡོད་ལ་ཀུང་སིའི་གཤམ་འོག་ཏུ་མཉམ་ལས་ཁང་དང་ལྷ་སར་བརྙན་པར་ཁང་གཅིག་ཀྱང་ཡོད་པ་རེད།

    འཇོན་ཐང་ལྡན་པའི་མི་ཚང་མར་ཕུགས་འདུན་རེ་ཡོད་པ་ལྟར་ཚེ་རིང་དབྱངས་ཅན་ལའང་རང་ཉིད་ཀྱི་ཕུགས་འདུན་ཞིག་ཡོད། ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་ཐད་གཟིགས་སྐྱོང་སྲིད་ཇུས་མང་པོ་ཞིག་བཏོན་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་བྱ་གཞག་གསར་གཏོད་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་དང་བྱེད་མུས་སུ་མཆིས། མ་འོངས་པར་ཚེ་རིང་དབྱངས་ཅན་གྱིས་ཀྱང་སྲིད་ཇུས་དེ་དག་ལོངས་སུ་སྤྱད་དེ་ཀུང་སིའི་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད་ཅིང་། འཆར་གཞི་ལྟར་ན། ཁོང་གིས་རང་ཉིད་ཀྱི་ཚོང་རྟགས་ནམ་མཁའ་ཡར་ལ་བརྒྱབ་པའི་ཁ་གདན་གཙོས་གྱོན་ཆས་དང་། ཉལ་ཤུབས་ཆ་ཚང་བཞི་དང་། གྱང་ཤོག སོགས་ཐོན་སྐྱེད་ཟིན་པ་རྣམས་ཁྲོམ་རར་འདོན་རྒྱུ་དང་། ལྷ་སར་ཡང་ཚོང་ཁང་ཞིག་བཙུགས་ཏེ་རང་ཉིད་ཀྱི་ཐོན་རྫས་ཁྲོམ་རར་འདོན་རྒྱུ་མ་ཟད། སློབ་ཆེན་ཐོན་པའི་སློབ་མར་ལས་གཏོད་ཀྱི་ཁོར་ཡུག་དེ་བས་མང་བ་མཁོ་འདོན་བྱ་རྒྱུའི་རྨང་གཞི་བརྟན་པོ་ཞིག་བཏིང་ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།