[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཚེ་སྒྲོལ་མ་དང་ཁོ་མོའི་ལུ་གུ

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-02

    479465_yis_1517463501475.jpg

    འདི་ནི་ཚེ་སྒྲོལ་མས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལུ་གུའི་བལ་ཤད་བཞིན་པ། 

    479464_yis_1517463500617.jpg

     འདི་ནི་ཚེ་སྒྲོལ་མས་གམ་པ་ལའི་ལྗོངས་གཟིགས་སྟེགས་བུར་ཡུལ་སྐོར་བར་པར་རྒྱག་བཞིན་པ།

    དགུན་ཨ་རང་ད་རང་སྐབས་ཀྱི་ཞོགས་པ་ཞིག་ལ་ལྷ་ས་ནས་ཡར་འབྲོག་གཡུ་མཚོར་བསྐྱོད་པའི་གམ་པ་ལའི་རི་ལམ་ཀྱག་ཀྱོག་ཐོག་བོད་རིགས་བུ་མོ་ཞིག་གིས་ལུ་གུ་གཅིག་པང་ཁར་ཉར་ནས་ལམ་ཟུར་དུ་ལངས་ཏེ་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ལག་པ་གཡུག་བཞིན་འདུག

    སྐྲ་ལྷས་མ་བསླས་པའི་བུ་མོ་དེ་ཤ་རིད་ཙམ་ཡོད་པ། མིག་ཁྲ་སྒོར་སྒོར་ཞིག་འདུག

    ཁོ་མོའི་མིང་ལ་ཚེ་སྒྲོལ་མ་ཟེར་བ་དང་ལོ་17ཡིན་པ་རེད། ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ལོ་རིམ་དང་པོའི་སློབ་མ་ཡིན་པ་དང་དགུན་ཁའི་གུང་གསེང་སྐབས་སུ་ཁོ་མོས་ཉིན་ལྟར་ལུ་གུ་པང་དུ་བཏབ་ནས་རི་རྩེའི་ལྗོངས་གཟིགས་སྟེགས་བུར་ཡོང་གི་ཡོད་པ་རེད།

    ཚེ་སྒྲོལ་མས་ལུ་གུ་དེའི་མིང་ལ་སྒྲོལ་དཀར་ཟེར་བ་དང་ད་ལྟ་ཟླ་བ་གསུམ་རེད་ཅེས་ངོ་སྤྲོད་བྱེད་པ་དང་། ཡུལ་སྐོར་བས་ལུ་གུ་དང་མཉམ་དུ་པར་བརྒྱབ་ཚེ་སྒོར་བཅུ་རེ་ལེན་གྱི་ཡོད་པ་རེད།

    ཡར་འབྲོག་གཡུ་མཚོ་ནི་བོད་ཀྱི་ལྷ་མཚོ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དེ་ཧ་ཅང་མཛེས་པོ་ཡོད། ཚེ་སྒྲོལ་མས“ལྷ་ས་ནས་ཡར་འབྲོག་གཡུ་མཚོར་སྐྱོད་པར་གམ་པ་ལ་འཛེགས་དགོས་ཀྱི་ཡོད། ལྗོངས་གཟིགས་སྟེགས་བུ་དེ་རི་རྩེར་མ་སླེབས་ཙམ་དུ་ཡོད”ཅེས་བཤད།

    ལོ་བཞིའི་གོང་བུ་མོའི་པ་ཕ་ཕུན་ཚོགས་ལ་ནད་གཞི་ཆེན་པོ་ཞིག་ཕོག་པ་དང་། སྐབས་དེ་དུས་བུ་མོ་དང་གཅེན་པོ་གཉིས་སློབ་ཆུང་དང་སློབ་འབྲིང་དུ་སྐྱོད་བཞིན་ཡོད་པ་རེད། ཨ་མ་ཆོས་སྒྲོན་གཅིག་པུས་ཁྱིམ་ཚང་དེ་སྐྱོང་དགོས་ཀྱི་ཡོད།

    ཚེ་སྒྲོལ་མའི་ཕ་ཡུལ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གམ་པ་གྲོང་ཚོ་ནི་གམ་པ་ལའི་རི་གཤམ་གྱི་གཞུང་ལམ་ཟུར་དུ་ཡོད། གྲོང་ཚོ་དེ་ནི་དཔེ་མཚོན་གྱི་བོད་ཀྱི་དབུལ་པོའི་གྲོང་ཚོ་འཁྲུལ་མེད་ཅིག་རེད།

    ཚེ་སྒྲོལ་མས“སྐབས་དེ་དུས་ཨ་མར་ཁྱིམ་ཚང་སྐྱོང་རོགས་བྱེད་དགོས་བསམ་བྱུང”ཞེས་ལུ་གུར་བརྟེན་ནས་ཡོང་འབབ་རག་ཐབས་བྱེད་པའི་བསམ་ཚུལ་ཅུང་འཚེར་སྣང་དང་བཅས་བཤད།

    བུ་མོས“ཐབས་ཤེས་དེར་ཡོང་འབབ་དེ་ཙམ་མེད་རུང་། ཁྱིམ་ཚང་གི་ཁུར་པོ་ཅུང་ཡང་དུ་གཏོང་ཐུབ་ཆེད་ངས་མུ་མཐུད་རྒྱུན་འཁྱོངས་བྱས་པ་ཡིན”ཞེས་བཤད།

    ཚེ་སྒྲོལ་མའི་ཁྱིམ་ནས་ལྗོངས་གཟིགས་སྟེགས་བུ་བར་ཆུ་ཚོད་གཅིག་ལྷག་ཙམ་སྐྱོད་དགོས་ཀྱི་ཡོད། ལོ་གསར་དང་དུས་ཆེན་སྐབས་སུ་ཚེ་སྒྲོལ་མས་ཞོགས་པའི་ཆུ་ཚོད་9པ་ནས་ལུ་གུ་པང་དུ་བཏབ་སྟེ་ལམ་ཟུར་དུ་སྐྱོད་ཀྱི་ཡོད། སྐབས་རེ་འགྲོ་འོང་བྱེད་མཁན་རླངས་འཁོར་གྱིས་ལྗོངས་གཟིགས་སྟེགས་བུ་བར་བླུགས་ཀྱི་ཡོད་རུང་། རླུང་རྟ་མ་རྒྱུག་པའི་སྐབས་རྐང་ཐང་མར་སྐྱོད་དགོས་ཀྱི་ཡོད།

    ལྗོངས་གཟིགས་སྟེགས་བུ་དེར་མཐོ་ཚད་སྨི་5000ཙམ་ཡོད་པས་དགུན་དུས་ཧ་ཅང་གྲང་མོ་ཡོད། ཚེ་སྒྲོལ་མས་དགོང་མོ་ཡུལ་སྐོར་བ་མ་རྫོགས་བར་དེ་གར་སྡོད་ཀྱི་ཡོད། ཉིན་དགུང་རྟག་ཏུ་སྟབས་བདེའི་ཐུག་པ་ཁོ་ན་བཏུང་ནས་སྡོད་ཀྱི་ཡོད། འོན་ཀྱང་བུ་མོས་ལྗོངས་གཟིགས་སྟེགས་བུར་མ་བསྐྱོད་གོང་ལུ་གུར་ལྟོ་ཆས་རྒྱགས་ཚད་སྟེར་བ་མ་ཟད་ཉིན་དགུང་སྟེར་རྒྱུའི་ལྟོ་ཆས་སྒལ་པར་འཁྱེར་ནས་འགྲོ་གི་ཡོད།

    “ཉེ་དུས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་གི་ཡོད་པས་དབྱར་དུས་སུ་སྐབས་འགར་ཉིན་གཅིག་ལ་ཡོང་འབབ་སྒོར་100ཙམ་ཡོང་གི་འདུག”ཅེས་བརྗོད་བཞིན་དུ་ངོ་གདོང་ལས་འཛུམ་མདངས་རྒྱས།

    ལུ་གུ་པང་ལ་བཏབ་ནས་ལྗོངས་གཟིགས་སྟེགས་བུར་སྐྱོད་སྐབས་བུ་མོས་སློབ་དེབ་ཅིག་འཁྱེར་ཏེ་ཡུལ་སྐོར་བ་མང་པོ་མེད་པའི་སྐབས་སུ་ལྗོངས་གཟིགས་སྟེགས་བུའི་མདུན་གྱི་རྡོ་བཀྱག་ཐོག་སློབ་དེབ་བལྟས་ནས་སྡོད་ཀྱི་ཡོད།

    ཚེ་སྒྲོལ་མ་དང་ཁོང་གི་གཅེན་པོས་སློབ་གྲྭའི་ནང་སློབ་སྦྱོང་ཡག་པོ་བྱས་ཏེ་རྗེས་སུ་ལས་ཀ་ཡག་པོ་ཞིག་རག་པ་བྱས་ནས་ནང་མི་ཚོ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པའི་ཁ་ཆད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།