[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱིས་གཞུང་ཁོངས་ཁེ་ལས་བསྐྱར་འཛུགས་ཀྱིས་ཡུལ་སྐོར་རིག་གནས་ཐོན་ལས་གསར་སྤེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-03

     བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཡུལ་སྐོར་གསར་སྤེལ་སྡེ་ཚན་གཉིས་ཀྱིས་ལོ་ཕྱེད་རིང་གྲ་སྒྲིག་བྱས་པ་བརྒྱུད། གཞུང་ཁོངས་ཁེ་ལས་ཁག་གཅིག་བསྐྱར་འཛུགས་བྱས་ཏེ་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པ་དང་། ཁྱད་ལྡན་ཡུལ་སྐོར་དང་རིག་གནས་ཐོན་ལས་གསར་སྤེལ་བྱེད་འགོ་ཚུགས་པ་རེད།

    ཉེ་ཆར། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཡོལ་ཁེབས་ཕྱེ་བ་རེད། ཀུང་སི་དེས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཡུལ་སྐོར་གསར་སྤེལ་ཨུ་ལྷན་གྱི་དེ་སྔའི་ཁོངས་གཏོགས་ཀྱི་ཁེ་ལས་10བསྐྱར་འཛུགས་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་རིམ་པ་དང་པོའི་གཞུང་ཁོངས་མ་རྩ་ཁེར་འཇོག་ཁེ་ལས་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་5མང་དུ་བཏང་བས་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་10ཙམ་ཟིན་ཡོད། ཀུང་སིའི་རྐང་དབང་100%བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་དབང་ཡོད་པ་རེད།

    བསྐྱར་འཛུགས་བྱས་པའི་ཉིན་དེར་ཀུང་སི་དེས་བོད་དུ་ཡོད་པའི་དངུལ་རྩའི་སྒྲིག་གཞི་དང་། ཚན་ཞིབ་ཚན་པ། ཁེ་ལས་ཆེ་གྲས་བཅས་ཁག་གཅིག་དང་མཉམ་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། གྲོས་མཐུན་གྱི་ཡིད་རྟོན་ཐོབ་པའི་དངུལ་གྲངས་སྒོར་དུང་ཕྱུར་150ཙམ་ཟིན་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་གསར་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲི་ཡུས་ཧུའེ་ཡིས“ཚོགས་པས‘བོད་ལ་གཞི་ཚུགས་ནས་ཨེ་ཤེ་ཡ་ལྷོ་མར’ཕྱོགས་ནས་བོད་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ལས་སྟེགས་དང་། ཐོན་རྫས་གསར་གཏོད་ལས་སྟེགས། སྤུས་རྟགས་དྲིལ་བསྒྲགས་ལས་སྟེགས། ཤེས་ལྡན་མི་སྣ་གསོ་སྐྱོང་ལྟེ་གནས་སོགས‘ལས་སྟེགས་གསུམ་དང་རྟེན་གཞི་གཅིག’བཅས་བསྐྲུན་རྒྱུ་ཡིན། ཚོགས་པས་གཙོ་བོ་བོད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་རིག་གནས་ཐོན་ཁུངས་ལ་ཆུ་ཚད་མཐོ་ཞིང་གཏིང་ཟབ་པ་དང་གོ་རིམ་ལྡན་པའི་ངང་གསར་སྤེལ་དང་། བོད་ཀྱི་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་རྒྱུར་རོགས་སྐྱོར་བྱ་རྒྱུ་ཡིན”ཞེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་དབང་ཆ་སྤྲད་དེ་བོད་ཡོངས་ཀྱི་ཡུལ་སྐོར་རིག་གནས་རྣམ་གྲངས་གསར་སྤེལ་གཉེར་སྐྱོང་དང་ཆབས་ཅིག ས་ཁོངས་སྒྲོལ་བ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དམིགས་བསལ་ཆོག་འཐུས་ཀྱི་གཉེར་སྐྱོང་དབང་ཆ་མཉམ་སྤྱོད་བྱ་རྒྱུ་ཡོད་པ་མ་ཟད། ད་དུང་བོད་ཡོངས་ཀྱི་A4དང་A5རིམ་པའི་ཡུལ་སྐོར་ཐོན་ཁུངས་ལ་ཡོངས་བཤེར་དང་གསར་སྤེལ་གྱི་འགན་འཁུར་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།