[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཚུར་ལན་སྤྲད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-03

    ཚེས་1ཉིན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་བོད་རང་སྐྱོང་ལྗོངས་ལ་ལྟ་བཤེར་བྱས་ཚུལ་ཚུར་ལན་སྤྲད་པ་རེད། ལྟ་བཤེར་ཚོགས་ཆུང་གིས། ཉེ་བའི་ལོ་ཤས་རིང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་ཆེ་ཙམ་ཐོབ་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་དང་བླང་བྱ་གསལ་པོ་དང་། དེ་བཞིན་བོད་ཀྱིས་འཁུར་བའི་འགན་འཁྲི་གལ་ཆེན་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད་ཅེས་བསྟན་པ་རེད།

    ལྟ་བཤེར་ཚོགས་ཆུང་གིས། བོད་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གཅིག་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པར“ལྷུག་ལྷོད་འཇམ་གསུམ”ཡིན་པ་དང་། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དོན་འཁྱོལ་གནད་སྨིན་མེད་པ། ཁྲིམས་འགལ་སྒྲིག་འགལ་ངང་འཛུགས་སྐྲུན་བྱེད་མཁན་བཀག་ཀྱང་མི་འགོག་པ་བཅས་ཡོད། 2018ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ཆོག་མཆན་མ་ཐོབ་སྔོན་ལ་བསྐྲུན་པའི་རྣམ་གྲངས་56ལ་ཞིབ་བཤེར་ཐག་གཅོད་བྱས་མོད། འོན་ཀྱང་དུས་མཇུག་གི་ལྟ་འདོམས་ཡག་པོ་མ་བྱུང་བར་བརྟེན་རྣམ་གྲངས་ཁག་གཅིག་སྔར་བཞིན་སྒྲིག་འགལ་ངང་ཐོན་སྐྱེད་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།

    ལྟ་བཤེར་ཚོགས་ཆུང་གིས། གཞིས་རྩེ་གྲོང་ཁྱེར་གྱི་བཙོག་ཆུ་ཐད་འབུད་གནད་དོན་ཐག་གཅོད་ཐུབ་མེད་པ་དང་ཉིན་ལྟར་འཚོ་བའི་བཙོག་ཆུ་ཏུན་ཁྲི་2ཙམ་ཐད་ཀར་མྱང་ཆུ་གཙང་པོར་འབུད་ཀྱི་ཡོད་པ་དང་། གཞིས་རྩེའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་བཙོག་ཆུ་གཙང་གསིང་སྒྲིག་ཆས་ད་བར་བསྐྲུན་མེད་པ་དང་འཚོ་བའི་བཙོག་ཆུ་ཡུན་རིང་ཐད་འབུད་བྱས་ནས་སྨི་རྒྱ་དཔངས་གྲུ་བཞི་7000ཙམ་ཟིན་པའི་རྫབ་དོང་ཞིག་ཆགས་ཡོད། 2020ལོའི་ལོ་མཇུག་གོང་བཅོས་སྐྱོང་ཚར་དགོས་པའི་སྔོན་མ་ནས་ལུས་པའི་གཏེར་རི་35ནས་5བཅོས་སྐྱོང་ལེགས་གྲུབ་བྱུང་མེད། རང་སྐྱོང་ལྗོངས་ཀྱིས་བཅོས་སྐྱོང་བྱེད་དགོས་པའི་མཐོངས་ཡངས་སྔོག་འདོན་ར་བ་415གྲལ་བཤེར་ཐུབ་པ་ནས་126གིས་སླར་གསོ་བཅོས་སྐྱོང་བྱས་མེད་པ་ཤེས་རྟོགས་བྱུང་བ་རེད།

    ལྟ་བཤེར་ཚོགས་ཆུང་གིས། བོད་ཀྱི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་སུ་གནད་དོན་ཅུང་མང་པོ་ཡོད་ཅིང་། སེར་གླིང་མཚོའི་མཚོ་སྐོར་དུ་སྤྱི་ལེ་320.5ཟིན་པའི་ལྕགས་ར་ད་དུང་རྦད་དེ་བཤིག་མེད་པས་རང་བྱུང་སྐྱེ་ཁམས་མ་ལག་གི་འཐུས་ཚང་རང་བཞིན་ལ་ཤུགས་རྐྱེན་ཐེབས་ནས་གཙོད་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རྒྱུན་གཏན་བཞིན་སྐྱས་སྤོ་དང་འཚོ་གནས་རྒྱུད་སྤེལ་བྱ་རྒྱུར་འགོག་རྐྱེན་བཟོས་པ་དང་། བོད་ཀྱི་རྩྭ་ཐང་རྒྱ་ཁྱོན་གྱིས་མཚོ་བོད་མཐོ་གྲང་རྩྭ་ཐང་རྒྱ་ཁྱོན་གྱི་བཅུ་ཆ་དྲུག་ཡན་བཟུང་གི་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཀྱི་འཆར་འགོད་ནང་བཏོན་པའི་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྒྱ་ཁྱོན་དང་རྩྭ་ཐང་ལེགས་བཅོས་རྒྱ་ཁྱོན་གྱི་ལས་འགན་3.5%དང་0.9%ལས་ལེགས་སྒྲུབ་བྱས་མེད། ས་ཆ་ཁག་གཅིག་གི་རྩྭ་ཐང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པའི་ངོས་འཛིན་བྱས་པ་རེད།

    ལྟ་བཤེར་ཚོགས་ཆུང་གིས་ད་དུང་། བོད་ཀྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཆེ་ཙམ་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གནས་སའི་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་བསྡུ་ལེན་བྱེད་ཚད་40%ལས་དམའ་བ་ཡོད་པའི་ནང་གཞིས་རྩེ་དང་། ཆབ་མདོ། ཉིང་ཁྲི་བཅས་གྲོང་ཁྱེར་སོ་སོར་11.4%དང་། 16% 16.3%ལས་ཟིན་གྱི་མེད་པ་རེད། 2020ལོར་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་བསྡུ་ལེན་བྱེད་ཚད་22.8%ཟིན་པ་དེ་2019ལོ་ལས་བརྒྱ་ཆའི་གྲངས་3.2ཆག་པ་དང་། ཉིན་ལྟར་འཚོ་བའི་བཙོག་ཆུ་ཐད་ཀར་འབུད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    བོད་རང་སྐྱོང་ལྗོངས་ཀྱིས་ད་ཐེངས་ཀྱི་ལྟ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལྟ་སྐུལ་བྱེད་ཀྱིན་དག་ཐེར་དང་འཕྲལ་བསྟར་འཕྲལ་བཅོས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་རེད། 2022ལོའི་ཟླ་4པའི་ཟླ་མཇུག་བར། ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་མང་ཚོགས་ཀྱི་ཐེར་འདོན་གནད་དོན་ཁག་1115ནས་གནད་དོན་ཁག་840སྒྲུབ་མཇུག་འགྲིལ་བའམ་ཡང་ན་དུས་མཚམས་རང་བཞིན་སྒོ་ནས་སྒྲུབ་མཇུག་འགྲིལ་བ་དང་། བྱེད་པོ་235ལ་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ། བྱེད་པོ་70ལ་གྱོད་ཐོ་བཀོད་ནས་ཆད་པ་བཅད་པ། མི་92སྐོང་འདྲི་བྱས་པ། མི་9ཡི་འགན་འཁྲི་རྩད་གཅོད་བཅས་བྱས་པ་རེད།

    ལྟ་བཤེར་ཚོགས་ཆུང་གིས། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཏན་ཏིག་བསྐྲུན་ནས་འཁྱགས་རོམ་དང་ས་མཐོའི་མཚེའུ་སོགས་རང་བྱུང་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འཛུགས་སྐྲུན་རྣམ་གྲངས་དང་གཏེར་ཁ་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས“མཐོ་གཉིས”རྣམ་གྲངས་རྨོངས་ཚོད་ངང་ལག་བསྟར་བྱ་རྒྱུར་ཚོད་འཛིན་ནན་པོ་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

    ལྟ་བཤེར་ཚོགས་ཆུང་གིས་ད་དུང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་འགན་འཁྲི་བདའ་འདེད་ཀྱི་གནད་དོན་ཤེས་རྟོགས་ཐུབ་རིགས་གསེད་བཀྲོལ་བྱས་ནས། འབྲེལ་ཡོད་གཏན་འབེབས་ལྟར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཐག་གཅོད་རྒྱུར་རྩིས་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།