[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྐྱེ་ཁམས་བཟང་བའི་མེ་ཏོག་རྫོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-29

    ཟླ་5ཚེས་8ཉིན་ཚན་ཞིབ་མི་སྣས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོ་ནས་མཐོ་ཚད་ལ་སྨི་76.8ཟིན་པའི་འབྲུག་ཡུལ་གསོམ་ཤིང་ཞིག་ཟིན་ཐོར་བཀོད་པ་དེ་ནི་དེ་གོང་ཡུན་ནན་ཀའོ་ལི་ཀུང་ཧྲན་དུ་ཡོད་པའི་མཐོ་ཚད་ལ་སྨི་72ཟིན་པའི་གསོམ་ཤིང་རྒྱལ་པོ་ལས་མཐོ་བ་ཡོད་པ་དང་། མིག་སྔར་རང་རྒྱལ་སྐམ་ས་ཆེ་མོར་མཐོང་དཀོན་པའི་ཤིང་སྡོང་ཧ་ཅང་ཆེན་པོའི་གྲས་ཤིག་ཏུ་གྱུར་ཡོད། ཟླ་5ཚེས་18ཉིན་བོད་ལྗོངས་རྫ་ཡུལ་རྫོང་ནས་མཐོ་ཚད་ལ་སྨི་83.2ཟིན་པའི་ཧོང་གོའི་ཐང་ཤིང་ཤེས་རྟོགས་མ་བྱུང་གོང་འབྲུག་ཡུལ་གསོམ་ཤིང་དེ་རང་རྒྱལ་སྐམ་ས་ཆེ་མོའི་ནང་ཤིང་སྡོང་ཆེ་ཤོས་དེ་ཡིན་པ་རེད།

    ཚན་ཞིབ་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ།

    མེ་ཏོག་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་དུ་གནས་ཤིང་། དེ་གར་ནགས་ཚལ་ཁྱབ་ཚད་78.5%ཟིན་པ་དང་ནགས་ཚལ་གསོག་ཚད་རྒྱལ་ཡོངས་ཀྱི་རྫོང་ཁག་ནས་ཨང་དང་པོར་སླེབས་ཡོད།

    “མེ་ཏོག་རྫོང་དུ་ཆར་ཆུ་འབེལ་བས། སྐྱེ་དངོས་སྣ་མང་རང་བཞིན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེ་ནི་ཧིན་རྡུ་རྒྱ་མཚོའི་དྲོད་བཤེར་ཆེ་བའི་རླུང་རྒྱུན་མཚོ་བོད་ས་མཐོར་རྒྱུ་སའི་ཆུ་རླངས་བགྲོད་ལམ་གལ་ཆེན་ཞིག་རེད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་དེ་ལྟར་བརྗོད་པ་དང་ཁོང་གིས་དམིགས་བསལ་གྱི་ཆུ་རླངས་བགྲོད་ལམ་གྱི་ནུས་པའི་དབང་གིས་དབྱར་དུས་ཧིན་རྡུ་རྒྱ་མཚོའི་དྲོད་བཤེར་ལྡན་པའི་རླུང་རྒྱུན་བགྲོད་ལམ་དེ་བརྒྱུད་ནས་མེ་ཏོག་ཏུ་སླེབས་པས་དྲོད་བཤེར་འཛོམས་པ་དང་། དགུན་དུས་རི་བོ་མཐོན་པོས་བྱང་ཕྱོགས་ཀྱི་གྲང་ངར་བཀག་པས་མེ་ཏོག་དེ་ཉིད་སའི་གོ་ལའི་ཕྱེད་བྱང་མའི་འཕྲེད་ཐིག་གཅིག་པའི་ལུང་པའི་ནང་ནས་དྲོད་བཤེར་གྱི་ཆ་རྐྱེན་ཡག་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

    ཁྱད་འཕགས་ཀྱི་གནམ་གཤིས་དང་ས་དབྱིབས་ཆ་རྐྱེན། དེ་བཞིན་མིའི་རིགས་ཀྱི་འགུལ་སྐྱོད་ཧ་ཅང་ཉུང་བའི་རྐྱེན་གྱིས། མེ་ཏོག་རྫོང་དུ་གདོད་མའི་ནགས་ཚལ་ཆ་ཚང་པོ་ཉར་ཚགས་ཐུབ་ཡོད། མཐོ་ཞིང་ཆེ་བའི་ལྗོན་ཤིང་དང་དེ་བཞིན་དེ་གནས་སའི་ཁྱུ་ཚོགས་དང་སྐྱེ་ཁམས་མ་ལག་བཅས་ལ་ཚན་ཞིབ་ཀྱི་རིན་ཐང་གལ་ཆེན་དང་སྲུང་སྐྱོང་གི་དོན་སྙིང་ལྡན་ཡོད། ད་དུང་མེ་ཏོག་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཞིང་ཁམས་ལྟ་བུ་ཞིག་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དེ་གར་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་རིགས་110ལས་མི་ཉུང་བ་དང་། རིན་ཐང་ཆེ་བའི་རྩི་ཤིང་3000ལྷག་ཙམ། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས་128ལས་མི་ཉུང་བ་བཅས་ཡོད་པ་རེད།

    ཕ་ཡུལ་གྱི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱས་པ།

    ཞོགས་ཟས་ཟོས་རྗེས་ཆར་རྗེས་ཀྱི་རི་ལམ་འདམ་རྫབ་ཀྱིས་ཁེངས་ནའང་མེ་ཏོག་རྫོང་དགུ་ཐང་ཤང་སྤྱི་ཕན་ནགས་ཚལ་ཆེད་ལས་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་བཀྲ་ཤིས་ཚེ་འཕེལ་གྱིས། སྔར་བཞིན་འཆར་གཞི་ལྟར་ནགས་ཚལ་གྱི་ཕྱོགས་སུ་བསྐྱོད་ནས་གྲོང་གསེབ་ཀྱི་ནགས་སྲུང་བའི་སྣེ་ཁྲིད་དེ་རི་སྐོར་ནགས་སྲུང་བྱེད་འགོ་ཚུགས། “ང་ཚོ་མི་རབས་ནས་མི་རབས་བར་མེ་ཤིང་ལ་བརྟེན་ནས་འཚོ་བ་སྐྱེལ་བས་ཤིང་མི་གཅོད་ཀ་མེད་རེད། ད་ལྟ་རྣམ་པ་དེར་འགྱུར་ལྡོག་ཆེན་པོ་བྱུང་ནས་ཤིང་ནགས་སྲུང་མཁན་ཞིག་ཡིན། ནགས་ཚལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག རང་བྱུང་ཁམས་ཆེན་པོའི་ལེགས་སྐྱེས་ལོངས་སུ་སྤྱོད་བཞིན་ཡོད”ཅེས་བཀྲ་ཤིས་ཚེ་འཕེལ་གྱིས་བཤད།

    བཀྲ་ཤིས་ཚེ་འཕེལ་གྱིས“2015ལོར་ང་རང་དགུ་ཐང་ཤང་སྤྱི་ཕན་ནགས་ཚལ་ཆེད་ལས་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་དུ་གྱུར་ཅིང་། ལོ་ལྟར་གླ་ཆ་སྒོར་ཁྲི་2.4ཡོད་པ་མ་ཟད། སྐྱེ་ཁམས་དམངས་ཕན་སྲིད་ཇུས་ཀྱི་ཁ་གསབ་བསྣན་ཚེ་ལོ་ལྟར་སྐྱེ་ཁམས་སྲུང་སྐྱོང་ནས་ཡོང་འབབ་སྒོར་ཁྲི་2.6ཡོང་གི་འདུག ད་ཆ་གྲོང་མི་ཚོའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཧ་ཅང་ཟབ་པོ་ཡོད”ཅེས་བཤད།

    “མིག་སྔར་རྫོང་ཡོངས་སུ་སྤྱི་ཕན་ནགས་ཚལ་གྱི་ཆེད་ལས་བདག་སྐྱོང་བ་44དང་། གྲོང་ཚོ་རིམ་པའི་བདག་སྐྱོང་རུ་དཔོན་51 གྲོང་གསེབ་ཀྱི་ནགས་སྲུང་བ་2140བཅས་ཡོད། ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་དམ་འཛིན་དང་གཞི་རིམ་གྱི་ནགས་སྲུང་བས་དམ་འཛིན་ཞིབ་ཕྲ་བྱས་པ་བརྒྱུད། མེ་ཏོག་གི་ནགས་ཚལ་སྔར་བས་སྔོ་ཐིང་ཐིང་དང་སྟུག་པོར་གྱུར་ཡོད”ཅེས་སྐལ་བཟང་བག་གྲོས་བཤད།

    2019ལོ་ནས་བཟུང་མེ་ཏོག་རྫོང་གིས་རིམ་རྩིས་བྱས་ན་ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ཐེབས་རྩ་སྒོར་ཁྲི་9000ལྷག་ཙམ་དོན་འཁྱོལ་བྱས་པའི་ནང་། རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བསླངས་པའི་ཁ་གསབ་སྒོར་ཁྲི་44.94དང་། རྨོ་བསྐྱུར་ནགས་གསོའི་ཁ་གསབ་སྒོར་ཁྲི་369.45 སྐྱེ་ཁམས་ཁ་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཀྱི་ཁ་གསབ་སྒོར་ཁྲི་1915.31བཅས་སྤྲད་པས། ཞིང་འབྲོག་མང་ཚོགས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་གི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ཆེ་རུ་ནུས་ལྡན་ཕྱིན་ཡོད། རྫོང་གིས་ད་དུང་བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་དང་། པེ་ཅིང་སློབ་ཆེན། རི་ཆུ་རང་བྱུང་སྲུང་སྐྱོང་ཁུལ་ལྟེ་གནས་སོགས་ཚན་ཞིབ་ཁང་དང་མཉམ་ལས་ཧུར་ཐག་བྱས་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་བརྟག་དཔྱད་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་མེ་ཏོག་གི་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད།

    “མེ་ཏོག་གི་མཛེས་ལྗོངས”མང་ཚོགས་ཀྱིས་མཉམ་དུ་སྤྱོད་པ།

    ཉེ་བའི་ལོ་ཤས་རིང་མེ་ཏོག་རྫོང་གི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་ཐད་ཐོབ་པའི་ཕན་འབྲས་བརྗོད་སྐབས། སྐལ་བཟང་བག་གྲོས་རང་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར། 2019ལོ་ནས་བཟུང་རི་སྐྱེས་སྲོག་ཆགས་ཀྱི་ཐད་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཚན་ཞིབ་མི་སྣས་མེ་ཏོག་ནས་རི་སྐྱེས་སྲོག་ཆགས་ཀྱི་རྒྱུད་པ་གསར་པ་8ཤེས་རྟོགས་བྱུང་བ་ལས། ཁོངས་གཏོགས་གསར་པ་1ཡོད་པ་དང་། 2021ལོར་ཕྱི་རོལ་ནས་ཏི་ཕུའི་པར་རིས་པར་ལེན་ཐུབ་ཡོད། རི་སྐྱེས་རྩི་ཤིང་གི་ཐད་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། རི་སྐྱེས་རྩི་ཤིང་གི་སྣ་ཁ་9ཤེས་རྟོགས་བྱུང་བ་ལས། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་སྟེ། མེ་ཏོག་གི་འདྲེས་མའི་མེ་ཏོག་སེར་པོ་ཚུད་ཡོད། 2021ལོར་ལོ་97སོང་རྗེས་ཧོ་སྨི་ནས་ཡང་བསྐྱར་སྟོངས་ལ་ཉེ་བའི་རྩི་ཤིང་སྟག་མ་མེ་ཏོག་སུལ་ཅན་གྱི་ཁྱབ་ཚུལ་གསར་པ་སླར་ཡང་ཤེས་རྟོགས་བྱུང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མེ་ཏོག་རྫོང་གིས་ད་དུང་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་ཁྱེར་གྱི་སྔོ་ལྗང་གཞི་རྒྱུ་མང་དུ་བཏང་སྟེ་གྲོང་ཁྱེར་གྱི་ནགས་ཚལ་དང་། འདམ་ར། སྤྱི་པའི་ན་ཁ་བཅས་སྐྲུན་རྒྱུ་རེད། དེ་དང་ཆབས་ཅིག་མེ་ཏོག་གི་སྐྱེ་ཁམས་ཤེས་དཔལ་སློབ་གསོའི་རྟེན་གཞི་བསྐྲུན་ནས་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དང་གཏོང་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།