[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལྗོན་ཤིང་འཛུགས་དགོས།

    བྲག་གཡབ་རྫོང་གིས་ནགས་ཤིང་དཔལ་འབྱོར་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-20

    ཉེ་བའི་ལོ་ཤས་རིང་། བྲག་གཡབ་རྫོང་གིས་ས་གཤིས་དང་རང་བྱུང་ཆ་རྐྱེན་སོགས་ཀྱི་ལེགས་ཆ་སྤྱད་དེ་དུས་བབ་དང་བསྟུན་ནས་དཔལ་འབྱོར་ནགས་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དབུལ་སྒྲོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། 2018ལོ་ཚུན་དུ་ནགས་ལས་ཐོན་ལས་རྣམ་གྲངས་འགོ་ཚུགས་པར་འཛུགས་སྐྲུན་རྒྱ་ཁྱོན་མུའུ་8000ཙམ་ཟིན་ཡོད། རྣམ་གྲངས་ལག་བསྟར་བྱས་ཚུན། ས་གནས་དེ་གའི་མང་ཚོགས་ཀྱི་ངལ་ནུས་བསྡུ་ལེན་ཧུར་ཐག་བྱས་ཏེ་ཁྱོན་མང་ཚོགས་དུད་ཚང་300ཡི་མི་གྲངས་1800ལྷག་ཙམ་དེའི་ནང་ཞུགས་པར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་བྱུང་ཡོད། དེ་དང་ཆབས་ཅིག་འཆར་འགོད་དཔལ་འབྱོར་ནགས་ཚལ་རྣམ་གྲངས་ལོ་3ནས་5བར་བསྐྲུན་རྗེས་ས་གནས་དེ་གའི་མི་སེར་ལ་སྤྲད་དེ་མཉམ་སྡེབ་དཔལ་འབྱོར་ལ་བརྩི་བ་དང་། “ཀུང་སི+རྟེན་གཞི+ཞིང་དུད”ཀྱི་བྱེད་སྟངས་སྤྱད་དེ་མང་ཚོགས་ལ་འབབ་འཕར་གཏོད་རོགས་བྱས་ཡོད།

    ནགས་ལས་འཕེལ་རྒྱས་གཏོང་བར་སྔོན་ལ་སྡོང་ཕྲུག་ར་བ་འཛུགས་དགོས་ཤིང་། 2017ལོར་བྲག་གཡབ་རྫོང་གིས་མཁར་སྒང་ཤང་འདེན་ཤོད་གྲོང་ཚོར་སྡོང་ཕྲུག་ར་བ་བཙུགས་ཏེ་ས་གནས་དེ་གའི་གསོམ་ཤིང་དང་སྟར་སྡོང་སོགས་ཀྱི་སྡོང་ཕྲུག་ཁྲི་90ལྷག་ཙམ་འདེབས་གསོ་བྱས་པར་ལོ་རེར་སྡོང་ཕྲུག་གསོན་ཚད་ཁྲི་4ལྷག་ཙམ་ཟིན་ཡོད། འདེན་ཤོད་གྲོང་ཚོའི་གྲོང་མི་ཡོངས་སྡོང་ཕྲུག་ར་བའི་འཛུགས་སྐྲུན་ནང་ཞུགས་པ་དང་། དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་100ཡོད་པར་མི་རེར་འབབ་འཕར་སྒོར་1500ལྷག་ཙམ་བྱུང་ཡོད། དེ་དང་ཆབས་ཅིག་བྲག་གཡབ་རྫོང་གིས“མི་གཅིག་གསོ་སྐྱོང་དང་མི་གཅིག་ལས་ཞུགས་ཐུབ་པའི”རྩ་དོན་མཐའ་འཁྱོངས་བྱས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་འདེན་ཤོད་གྲོང་ཚོའི་མང་ཚོགས་དབུལ་པོར་སྡོང་ཕྲུག་གསོ་བ་དང་སྡོང་ཕྲུག་ར་བར་དོ་དམ་བྱེད་པ་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་ཏེ་གྲོང་མི་ཚོ་སྡོང་ཕྲུག་གསོ་བ་དང་དོ་དམ་བྱེད་པ་སོགས་ཀྱི་ལས་ཀའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    བྲག་གཡབ་རྫོང་གིས་གོམ་སྟབས་རྗེས་མར་ས་ཞིང་བདག་དབང་གཏན་འཁེལ་བྱེད་པའི་ལས་དོན་དེ་གོ་སྐབས་སུ་བརྩིས་ཏེ་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་དང་། བེད་མེད་རྒྱུ་ནོར་བེད་སྤྱོད། མ་དངུལ་གྱི་གསོན་ཤུགས་འདོན་སྤེལ། འབབ་འཕར་ཡོང་ཐབས་འགྱུར་བ་སོགས་ཐད་ནས་འགོ་བཙུགས་ཏེ། བེད་མེད་ས་ཆ་དང་། ཞིང་བསྐྱུར་ས་ཆ། ཐང་རྒོད་སོགས་བེད་སྤྱོད་གང་ལེགས་བྱས་ནས་མུའུ་ཁྲི་ཟིན་པའི་དཔལ་འབྱོར་ནགས་ཤིང་ཐོན་ལས་བཏོད་དེ་འདེབས་འཛུགས་དང་། ལས་སྣོན་གཏིང་ཟབ། བྲིན་འཚོང་སོགས་འཁོར་རྒྱུག་ཆ་ཚང་གི་ཐོན་ལས་སྦྲེལ་ཐག་ཅིག་གྲུབ་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།