[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

     ཉེ་དུས། གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། རང་ལྗོངས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་ཁུར་བས། ཟླ་7པའི་ཟླ་མཇུག་བར། གྲོང་གསེབ་ཀྱི་གད་སྙིགས་ཏུན་ཁྲི་6.3གཙང་ཕྱགས་བྱས་པ་དང་། གྲོང་ཚོའི་ཆུ་ཡུར་དང་རྫིང་བུའི་ནང་གི་འདམ་རྫབ་ཏུན་ཁྲི་1.2གཙང་སེལ་བྱས་པ། ཆུ་ཡུར་དང་ཆུ་ལམ་སྤྱི་ལེ་1000ལྷག་ཙམ་བཤངས་པ། ཕྱུགས་རིགས་ཀྱི་ལྕི་བ་སོགས་འཇོག་ཡུལ་4500ལྷག་ཙམ་ཁོད་སྙོམས་དུག་སེལ་བྱས་པ། ཞིང་འབྲོག་ཁུལ་གྱི་མེ་ཤིང་དང་གཟན་རྩྭ་གང་བྱུང་དུ་འཇོག་ཡུལ་ཁྲི་1.5བཅོས་སྒྲིག་བྱས་ནས་ཚད་ལྡན་བཟོས་པ་བཅས་རེད། ལྗོངས་ཡོངས་ཀྱིས་གཙང་པོ་དང་མཚེའུ་ཡི“ཟང་ཟིང་བཞིའི”གནད་དོན་825གྲལ་བཤེར་བྱས་པ་དང་། གད་སྙིགས་ཀྱི་ར་སྐོར་10བཅོས་སྒྲིག་བྱས་པ། ཁྲིམས་འགལ་གྱི་བྱེ་མ་འདོན་ས་569མེད་པ་བཟོས་པ་བཅས་རེད། ས་ཁུལ་མང་ཆེ་བར་གཟའ་འཁོར་རེར་གཅིག་སྡུད་ཐོག་གཙང་བཤེར་དང་། བཅོས་སྒྲིག རྗེས་འདེད་ལྟ་སྐུལ་མཛུབ་ཁྲིད་བཅས་བྱེད་པའི་ལམ་ལུགས་བཙུགས་ནས། གྲོང་ཚོའི་ཁོར་ཡུག་ཡུན་རིང་གཙང་ལ་གྲལ་འགྲིག་ཅིང་གོ་རིམ་ལྡན་པའི་ཕུགས་ཕན་ལམ་སྲོལ་ཧུར་ཐག་གཏོད་ཡོད་ཅེས་བཤད།

    རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་ཁུར་བས། ཟླ་8པའི་བར་སྲིད་འཛིན་གྲོང་ཚོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་585ཡི་ཁྲོད་136ཨར་ལས་བྱེད་བཞིན་ཡོད་པ་དང་440ལེགས་གྲུབ་ཟིན་ཞིང་། མངའ་རིས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་9(ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་བཞིན་པ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་དཔེ་སྟོན་འཛུགས་སྐྲུན)འཛུགས་སྐྲུན་བྱེད་འགོ་ཚུགས་མེད་པ་རེད། གོམ་སྟབས་རྗེས་མར། ལས་འགོ་མ་ཚུགས་པའི་སྲིད་འཛིན་གྲོང་ཚོར་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་འགོ་མགྱོགས་ཙམ་འཛུགས་རྒྱུའི་ལྕག་སྐུལ་བྱས་ཏེ། ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་འོག རྣམ་གྲངས་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་པ་བྱ་རྒྱུ་རེད་ཅེས་བཤད། གཞན་ཡང་སྣོད་བཅུད་ཁོར་ཡུག་ཐིང་གིས་ས་བབ་མཐོ་ཚད་མི་འདྲ་བའི་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྒྲིག་ཚོད་ལྟ་བྱ་ཡུལ་30ཡི་བཟོ་རྩལ་བསྡུར་འདེམས་དང་ཇུས་འགོད་ལས་ཀ་བྱེད་འགོ་ཚུགས་ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།