[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་ལ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་གྱི་གནས་ཚུལ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-30

    2017ལོའི་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དྲུག་པས་བོད་རང་སྐྱོང་ལྗོངས་སུ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱས་པ་མ་ཟད། 2018ལོའི་ཟླ་1ཚེས་3ཉིན་ལྟ་བཤེར་བསམ་འཆར་ཚུར་ལན་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཉིད“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་ཚོད་བགམ་གལ་ཆེན་ཞིག་ལ་བརྩི་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩི་བ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་པ་དང་། སྣོད་བཅུད་ཤེས་དཔལ་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འགག་རྩའི་བྱ་ཐབས་ལ་བརྩི་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ལ་བརྩི་བ་བཅས་བྱས་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་མཐའ་གཅིག་ཏུ་དོན་འཁྱོལ་ནུས་ལྡན་བྱས་པ་རེད།

    2019ལོའི་ཟླ་3པ་བར། དག་ཐེར་ཇུས་གཞིའི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་དག་ཐེར་ལས་འགན་45དང་། ཞིབ་ཕྲའི་བྱ་ཐབས་179སྤྱིར་ན་དག་ཐེར་གྱི་དམིགས་ཚད་ལ་སླེབས་པ་དང་། དེའི་ཁྲོད་2018ལོའི་ཟླ་12པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱེད་དགོས་པའི་དག་ཐེར་ལས་འགན་28དང་ཞིབ་ཕྲའི་བྱ་ཐབས་90སྤྱིར་ན་དག་ཐེར་གནད་འཁེལ་བྱུང་བ། 2019ལོ་དང་2020ལོར་ལེགས་སྒྲུབ་བྱེད་དགོས་པའི་དག་ཐེར་ལས་འགན་14དང་ཞིབ་ཕྲའི་བྱ་ཐབས་24གོ་རིམ་དང་དུས་ཚོད་ཀྱི་བླང་བྱ་གཞིར་བཟུང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་། འཕྲལ་སྒྲུབ་འཕྲལ་བཅོས་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་དག་ཐེར་ལས་འགན་3དང་ཞིབ་ཕྲའི་བྱ་ཐབས་65ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དྲུག་པས་བོད་རང་སྐྱོང་ལྗོངས་སུ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱས་པ་མ་ཟད། 2018ལོའི་ཟླ་1ཚེས་3ཉིན་ལྟ་བཤེར་བསམ་འཆར་ཚུར་ལན་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཀྱིས་ཚད་གཞི་མཐོ་ཤོས་དང་། བླང་བྱ་ནན་ཤོས། སྤྱོད་ཚུལ་ནན་ཤོས་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་དག་ཐེར་ལག་བསྟར་དང་། གོ་རིམ་ལྡན་པའི་ངང་དག་ཐེར་ལ་སྐུལ་གཏོང་། དག་ཐེར་ནན་པོ་དང་ཏན་ཏིག་བཅས་བྱས་ཡོད།

    རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དག་ཐེར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་། དག་ཐེར་ལས་འགན་45དང་ཞིབ་ཕྲའི་བྱ་ཐབས་ཀྱི་གསལ་ཐོ་179ཞིབ་ཕྲ་བཟོས་ནས་དབྱེ་བ་ཕྱེ་སྟེ་དག་ཐེར་གྱི་དམིགས་ཚད་དང་། དུས་བཀག བྱ་ཐབས། འགན་འཁྲིའི་ཚན་པ། ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚན་པ་བཅས་ཁ་གསལ་བཟོས་ཡོད།

    ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དྲུག་པས་སྒྲུབ་རྒྱུར་རྩིས་སྤྲད་པའི་སྣོད་བཅུད་ཁོར་ཡུག་གི་གནོད་འཚེའི་གནད་དོན་7ལ་ཆེད་དོན་ཇུས་གཞི་བཟོས་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱས་ཡོད། བསྡོམས་མི་83ལ་འགན་འཁྲི་གདའ་འདེད་དང་རྩད་གཅོད་བཏང་བའི་ཁྲོད་ཐིང་རིམ་པའི་མི་14དང་། ཁྲུའུ་རིམ་པའི་མི་39 ཁོའོ་རིམ་པ་མན་གྱི་མི་30བཅས་ཡོད། མི་39ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད་པ་དང་། མི་43ལ་བསླབ་འདོམས་སྐོང་འདྲི་བྱས་པ་དང་ད་དུང་མི་1ཐག་གཅོད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དྲུག་པས་ལྟ་བཤེར་བསམ་འཆར་ཚུར་ལན་བྱས་རྗེས། རང་སྐྱོང་ལྗོངས་ཀྱིས་ལྟ་བཤེར་བསམ་འཆར་ལ་གཞིགས་ཏེ་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། སྔར་ན་མེད་པའི་མཐོང་ཆེན་པོ་དང་། གཏོང་ཆ་གཏོང་ཤུགས། ལས་དོན་སྒྲུབ་ཤུགས། དམངས་ལ་ཕན་པ་འདོགས་ཤུགས་བཅས་ཀྱི་ཐོག་ནས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཕྱོགས་བསྡུས་ཇུས་འདོན་བྱས་ནས་དག་ཐེར་ལས་འགན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་བརྟན་པོ་བཏང་ཡོད།

    2018ལོར་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ལེགས་པའི་ཚད་གཞི་ཆ་སྙོམས་98.2%ཟིན་ཡོད། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ས་ངོས་ཆུ་22ཚང་མ་དཔྱད་ཞིབ་ཀྱི་བླང་བྱ་དང་མཐུན་པ་དང་། ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ཡར་འབྲོག་གཡུ་མཚོ་སོགས་གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་ཆུ་ཁོངས་ཚད་གཞིའི་རིགས་Ⅰདང་རིགས་Ⅱརྒྱུན་འཁྱོངས་ཐུབ་པ། འཐུང་ཆུའི་ཆུ་འགོའི་ཆུ་སྤུས་བཟང་བ་དང་བཙོག་ཆུ་དྲི་ཅན་མེད་པ་རེད།

    དག་ཐེར་བྱེད་རིང་། རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་གི་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་པས། སྣོད་བཅུད་འདུ་འགོད་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རང་བྱུང་སྲུང་སྐྱོང་ཁུལ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། འབྲེལ་ཡོད་ཀྱི་བཅོས་སྒྲིག་ལས་དོན་སྤེལ་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དཔྱད་འདེམས་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། ཁྲིམས་འགལ་སྒྲིག་འགལ་གྱི་ཡུལ་སྐོར་གསར་སྤེལ་དང་འཛུགས་སྐྱོང་བྱེད་སྤྱོད་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཡོད། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་དང་། ཀླུ་ནང་རྒྱལ་སྤྱིའི་གྲོང་རྡལ་ཆུང་གྲས། ཀོང་པོ་བོན་རིའི་མཛེས་ལྗོངས་ཁུལ་བཅས་ཀྱི་བཙོག་ཆུ་གཙང་གསིང་ཡག་པོ་བྱས་པ་དང་ཇོ་མོ་གླང་མའི་གད་སྙིགས་དང་མཛེས་ལྗོངས་ཁུལ་གྱི་གད་སྙིགས་ཐག་གཅོད་ཡག་པོ་བྱས་ཡོད།

    གཞན་ཡང་། འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ཐད་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཀྱི་ཁོར་ཡུག་ཞིབ་དཔྱད་བྱེད་ཚད་100%ཟིན་ཡོད། 2018ལོར་གསར་སྐྲུན་བྱས་པའི་གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས་ཚང་མར་ཁོར་ཡུག་ཞིབ་དཔྱད་འགྲོ་ལུགས་ལག་ལེན་བསྟར་ཡོད། གཞུང་ལམ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཁྱབ་གདལ་བཏང་སྟེ་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་གྲལ་བཤེར་གཙང་སེལ་དང་བཅོས་སྒྲིག་བྱས་ཡོད།

    “ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་དང་ཁོར་ཡུག་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི”གནད་དོན་ལ་གཞིགས་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དམིགས་ཡུལ་དུ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་སྔར་བས་ཤུགས་ཆེར་བཏང་བ་དང་། འཛུགས་སྐྲུན་དང་། གཉེར་སྐྱོང་། དོ་དམ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་སུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་། གད་སྙིགས་སྦས་ས། ཉེན་ཁའི(སྨན་བཅོས)ཟོག་རོ་ཐག་གཅོད་ལྟེ་གནས་བཅས་ཚད་ལྡན་དང་བརྟན་པོའི་ངང་གཉེར་སྐྱོང་བྱ་རྒྱུ་འགན་ལེན་བྱས་ཏེ་ལས་ཀའི་ཞན་ཆ་མགྱོགས་མྱུར་གསབ་ནས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་ལ་སྲུང་སྐྱོང་བྱས་ཡོད།

    དག་ཐེར་བྱས་ཚུལ་ལས་མངོན་གསལ། མིག་སྔར་བསྐྲུན་ཟིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ས་106དང་། འཚོ་བའི་གད་སྙིགས་དབོར་འདྲེན་སྒྲིག་ཆས་89གཞི་རྩའི་ཆར་ཚད་ལྡན་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་ལྷ་ས་གྲོང་ཁྱེར་གྱི་སྙིགས་བསྲེགས་གློག་ཁང་དངོས་སུ་སྤྱོད་འགོ་ཚུགས་ཡོད།

    རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་ལ་རྒྱུན་མཐུད་དག་ཐེར་དང་། ཕྱོགས་ཡོངས་ནས་དག་ཐེར། དག་ཐེར་མཐར་ཕྱིན་པ་བཅས་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཐོ་ཚད་གསར་པ་མཐོ་རུ་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།